གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པ་སངས་རྡོ་རྗེ་ལུ་ རྐངམ་གི་ནད་གཞི་ཐོབ་ཡོདཔ་ལས་ དཔེ་ཆ་ལྷབ་ནི་ལུ་ ཐོ་ཕོག་ཡོདཔ།

ཐིམ་ཕུ་ལུ་ སྨན་བཅོས་འབད་བར་འོང་མི་ སློབ་ཕྲུག་པ་སངས་རྡོ་རྗེ།
 ༣༠/༠༧/༢༠༡༢། ༉ ཆུ་ཁ་རྫོང་ཁག་ སྤག་ཤི་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ པ་སངས་རྡོ་རྗེ་ལུ་ སྤྱི་ལོ་༢༠༠༨ ལུ་ རྐངམ་གི་ནད་གཞི་ཅིག་ ཐོབ་ཡོདཔ་ལས་ ཁོ་ལུ་ བཟོད་མ་ཚུགས་པའི་ སྡུག་བསྔལ་ཕོག་ཡོདཔ་ཨིན་པས།
དེ་ཡང་ སློབ་གྲྭའི་སློབ་དཔོན་ཅིག་དང་ ཁོ་རའི་ ཕོ་རྒན་གཉིས་ཀྱིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་ནིའི་དོན་ལུ་ བསྐྱལ་བར་འོང་ཡོདཔ་ཨིན་པས།

ཉམས་རྒུདཔ་བུཚ་ པ་སངས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སློབ་གྲྭ་ཆུང་བ་ནང་ དཔེ་ཆ་ལྷབ་སྡོད་པའི་སྐབས་ ཁོ་ལུ་ འདི་བཟུམ་གྱི་ ནད་གཞི་མེད་ནི་དེ་གིས་ སློབ་ཁང་ནང་ལས་ ཨང་དང་པ་ གཉིས་པ་ གསུམ་པའི་གསོལ་རས་ཚུ་ཐོབ་ཡོད་རུང་ རྩ་བསྐུམ་ནད་གཞི་ ཐོབ་པའི་ཤུལ་ལུ་ ཁོ་གིས་ དོ་འགྲན་འབད་མི་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་ད་ ནད་གཞི་འདི་ ཟུན་ཡོདཔ་ལས་ སློབ་དཔོན་ཚུ་གིས་ ཆོས་ཚན་ག་ཅི་སྟོན་རུང་ སྤྲོ་བ་མེད་པའི་ཁར་ ལཱ་ག་ཅི་འབད་རུང་ མཐར་འཁྱོལ་མ་ཚུགསཔ་ཐལ་སོཔ་ལས་ ཧེ་མའི་ དུཧ་ཚོད་སེམས་ཁར་དྲནམ་ད་ མནོ་བསམ་བཏང་མི་ཚུགས་པས་ཟེར་ཨིན་པས།
སློབ་དཔོན་ཤེས་རབ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེའི་ གསེར་ཁྲི་རྩ་བ་ལས་ སློབ་གྲྭ་འདི་ནང་ སློབ་ཕྲུག་བུཚ་དང་ བུམོ་བསྡོམས་༢༩ དེ་ཅིག་ལུ་ སྐྱིད་སྡུག་ཚུ་ ཐོབ་ཡོད་པའི་གྲས་ལས་ གཅིག་ པ་སངས་རྡོ་རྗེ་ཨིན་ཟེར་ཨིན་པས།
པ་སངས་རྡོ་རྗེ་དེ་ སློབ་ཕྲུག་གཞན་དང་ཕྱདཔ་ད་ ཟབ་ཏོག་ཏོ་དང་ ཉམ་ཆུང་ དེ་ལས་ རིག་རྩལ་ཡོད་མི་ཅིག་ཨིནམ་ལས་ སློབ་དཔོན་ཚུ་གིས་ དྲག་ཤོས་ཀྱི་གྲངས་སུ་རྩིསཝ་ཨིན་རུང་ ཁོ་ལུ་ ནད་གཞི་འཁོར་ཞིནམ་ལས་ཚུར་ ཉིནམ་གཅིག་བ་གཅིག་ གཟུགས་སྟོབས་མར་ཉམས་འགྱོཝ་མ་ཚད་ ལྟོ་ཡང་ ལེགས་ཤོམ་སྦེ་ བཟའ་མ་ཚུགསཔ་ལས་བརྟེན་ དགེ་འདུ་སྨན་ཁང་ནང་ སྨན་བཅོས་འབད་དེ་ ནད་གཞི་ག་ཅི་ཨིན་ན་ ངོས་འཛིན་འབད་མ་ཚུགསཔ་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བ་བཏང་རུང་ ནད་གཞི་དེ ངོས་འཛིན་འབད་མ་ཚུགས་པས་ཟེར་སླབ་ཨིན་པས།
ཉམས་རྒུད་པའི་ ཕོ་རྒནམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་སྤུན་ཆ་༨ ཡོད་མི་ལུ་བརྟེན་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཟད་འགྲོ་བཏང་མ་ཚུགས་པའི་སྐབས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ ཕམ་ཉམ་ཆུང་གི་ བུཚ་ཚུ་ལུ་ ཤེས་ཡོན་གྱི་དོན་ལུ་ ལོ་རེའི་ནང་ དངུལ་ཕོགས་གནང་མི་དེ་གིས་ ཕན་ཐོགས་སྦོམ་ར་བྱུང་ཡོདཔ་ལས་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ཕོ་རྒནམོ་གིས་ འབད་བ་ཅིན་ སློབ་གྲྭའི་ བར་མཚམས་ངལ་གསོ་སྐབས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་འོང་ཡོད་པའི་ཁར་ ད་རེས་ ཌོག་ཊར་མཁས་མཆོག་ཚུ་གིས་ སྨན་བཅོས་དང་ བརྟག་ཞིབ་འབད་དོ་ཡོདཔ་ལས་ ནད་གཞི་དེ་ངོས་འཛིན་ཐོག་ དྲག་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
པ་སངས་རྡོ་རྗེ་ཁོ་ར་ ནད་གཞི་ཐོབ་མི་ལུ་བརྟེན་ སློབ་གྲྭ་ནང་ དུས་རྒྱུན་དུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་དང་ ཆབ་གསང་རྒྱས་བསྡུས་བཏང་པར་འགྱོ་ནི་ལས་འགོ་བཙུགས་ སློབ་དཔོན་དང་ ཆ་རོགས་ཚུ་ལུ་བརྟེན་དགོཔ་ལས་ ཉིནམ་གཅིག་བ་གཅིག་ སྡུག་བསྔལ་མང་སུ་སྦེ་མྱོང་དོ་ཡོདཔ་ཨིན་པས།
གཞུང་དང་ མི་སེར་ལུ་ ཕྱག་ཞུ་མ་ཚུགསཔ་མ་ཚད་ ཕམ་དང་སློབ་དཔོན་ལུ་ཡང་ དྲིན་ལན་འཇལ་མ་ཚུགས་པར་ ལུས་ནི་བཟུམ་མཐོངམ་མས་ཟེར་ པ་སངས་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment