གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་གནས་ལས་དགོངས་ཞུ་འབད་རུང་ བཀབ་ནེ་རང་འཇགས་བཀབ་ཆོག་ག?

མི་དབང་རྒྱལ་པོའི་སྐུ་སྒེར་ཚོགས་སྡེའི་འཐུས་མི་ དྲགོས་སངས་རྒྱས་དབང་ཕྱུག་གིས་འབད་བ་ཅིན་ རྒྱལ་པོའི་ ཁེ་དབང་ཐོག་ལུ་ བུ་རས་དམརཔོ་གནང་མི་ཚུ་ མི་དབང་རྒྱལ་པོའི་ཁེ་དབང་ལྟར་དུ་ མི་ཚེ་གཅིག་ ལག་ལེན་འཐབ་ནི་ལུ་འོས་འབབ་ཡོད་རུང་ གོ་གནས་ཀྱི་རིམ་པ་ལུ་བརྟེན་ གནང་མིའི་བཀབ་ནེ་ཚུ་ གོ་གནས་ལས་དགོངས་ཞུ་འབད་ཞིནམ་ལས་ འཕྲོ་མཐུད་བཀབ་ནི་དེ་ འོས་འབབ་ཅིག་ མ་མཐོང་ཟེར་ཨིན་པས།
 
༢༨/༠༧/༢༠༡༢། ༉ འབྲུག་རྒྱལ་ཁབ་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་༢ ཀྱི་རིང་ལུགས་ དབུ་འཛུགས་གནང་སྟེ་ འཕགས་པའི་དགེ་འདུན་གྱི་སྡེ་ལས་ སྲིད་སྐྱོང་གི་རིང་ལུགས་ ལོགས་སུ་སྦེ་ཁག་དབྱེ་ཞིནམ་ལས་ འགོ་གནས་ཀྱི་རིམ་པ་ཚུ་ཡང་ བཟོ་གནང་སྟེ་ གོ་གནས་དང་བསྟུན་པའི་ བཀབ་ནེ་དང་ དཔའ་རྟགས་ཀྱི་ཐོབ་ཐངས་རིམ་པ་ཚུ་ཡང་ འཛམ་གླིང་ནང་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་སྦེ་ མཛད་གནང་མི་དེ་ལུ་ ད་རེས་ཀྱིས་གནས་སྟངས་ནང་ ལྟ་རྟོག་གི་ ཁྲིམས་ལུགས་རེ་ཡང་ དགོཔ་སྦེ་མཐོངམ་ཨིན་པས།
ཧེ་མ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པའི་སྐབས་ལས་ བློན་པོའི་གོ་གནས་ཀྱི་རིམ་པ་ གསརཔ་འགོ་མ་བཙུགས་ཚུན་ཚོད་ གོ་གནས་མཐོ་ཤོས་དང་ བཀབ་ནེ་ཐོབ་ཐངས་ཀྱི་ རིམ་པ་མཐོ་ཤོས་ར་ དཔོན་གཉིས་སྐལམ་ཟེར་ བཀབ་ནེ་བུ་རས་དམརཔོ་དང་ དཔའ་རྟགས་སྦྲགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཆེ་བསྟོད་ཐོག་ལས་ གོ་གནས་ཀྱི་གཟེངས་བསྟོད་གནང་མི་དེ་ཨིན་པས།
ད་རེས་འབདཝ་ད་ བློན་པོའི་གོ་གནས་ཀྱིས་མ་ཚད་ གོ་གནས་སོ་སོ་དང་ བཀབ་ནེ་གི་ཐོབ་ཐངས་ཚོས་གཞི་ཚུ་ཡང་ མ་འདྲཝ་སྦེ་ བཀབ་ནི་གི་རིམ་པ་ལེ་ཤ་ཐོན་ཡོདཔ་མ་ཚད་ དམངས་གཙོའི་རིང་ལུགས་འགོ་བཙུགས་ཏེ་ བཙག་འཐུ་ལས་གྲུབ་པའི་འཐུས་མི་ བཀབ་ནེ་ཧོནམ་བཀབ་མི་ཚུ་ཨིནམ་ལས་ བཀབ་ནེ་ཚུ་ གོ་གནས་ལས་དགོངས་ཞུ་སོང་རུང་ བཀབ་ཆོགཔ་སྦེ་ཡོད་པ་ཅིན་ བཀབ་ནེ་འདྲ་མིན་བཀབ་མི་ ཚད་ལས་བརྒལ་ཐོན་ནི་གི་ ཉེན་ཁ་འོང་ནི་ཨིན་པས།
མི་དབང་རྒྱལ་པོའི་སྐུ་སྒེར་ཚོགས་སྡེའི་འཐུས་མི་ དྲགོས་སངས་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ བཀབ་ནེ་གི་ལམ་སྲོལ་དེ་ འཛམ་གླིང་ནང་ ཐུན་མོང་མ་ཡིན་པའི་ ལམ་སྲོལ་གཙོ་ཅན་ཅིག་ཨིནམ་ལས་ ཉམས་སྲུང་འབད་དགོཔ་ཁག་ཆེ་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ མ་འོངས་པར་ བྱ་སྟབས་བདེ་མིན་གྱི་ གནས་སྟངས་བྱུང་སྲིད་ནི་ཨིན་པའི་ ཚ་གྱང་ཚུ་ ག་ར་ག་ར་གིས་ འབག་དགོཔ་འདུག་ཟེར་ཨིན་པས།
ད་རེས་ཀྱི་ལམ་སྲོལ་ནང་ གོ་གནས་ཅན་དཔེར་ན་ བཀབ་ནེ་ཧོནམ་བཀབ་མི་ཅིག་ གོ་གནས་ལས་དགོངས་ཞུ་སོང་སྟེ་འབད་རུང་ དཔའ་རྟགས་མེད་པར་ བཀབ་ནེ་འཕྲོ་མཐུད་བཀབ་སྡོད་པ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ལོ་༥ རེ་གི་རྒྱབ་ལས་ སོར་འགྱོཝ་ད་ ཧ་ལམ་ གྲངས་འབོར་དང་བཅསཔ་སྦེ་ འཐོན་སྲིད་ནི་ཨིནམ་ལས་ ཉེན་ཁ་སྦོམ་ར་འདུག་ཟེར་ཨིན་པས།
འདི་བཟུམ་གྱི་ལཱ་བྱ་དེ་ དཔེར་ན་ རྫོང་བདག་ཅིག་ མདོ་ཆེན་གྱི་གོ་གནས་ལུ་ལྷོད་པའི་བསྒང་ལས་ ཧེ་མའི་བཀབ་ནེ་དེ་ འཕྲོ་མཐུད་བཀབ་མི་ཐོན་ནི་ཨིན་མི་གིས་མ་ཚད་ གོ་གནས་གཞན་མིའི་ནང་ བཀབ་ནེ་དང་ དཔའ་རྟགས་ལག་ལེན་འཐབ་སྡོད་མི་ཡང་ ཡོད་ཟེར་ཨིན་པས།
ཁོ་གི་བསམ་འཆར་ལས་འབད་བ་ཅིན་ བཀབ་ནེ་གནང་ནིའི་ནང་ ཐོབ་ཐང་༢ སྦེ་བཟོ་དགོཔ་མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁེས་དབང་ཐོག་ལས་ མི་ངོ་ག་འབད་རུང་ཅིག་ལུ་ བུ་རས་དམརཔོ་གནང་མི་ བཀབ་ནེ་དེ་ མི་དབང་རྒྱལ་པོའི་ཁེས་དབང་ཨིནམ་ལས་ དེ་ཚུ་མི་ཚེ་ཅིག་ལག་ལེན་འཐབ་ཆོག་ནི་དང་ དེ་མིན་པར་ གོ་གནས་ཀྱི་རིམ་པ་ལུ་བརྟེན་པའི་བཀབ་ནེ་ དཔེར་ན་ བློན་པོ་ལས་འགོ་བཙུགས་ དྲུང་ཆེན་དང་ དེ་ལས་ དྲང་དཔོན་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་འབད་བ་ཅིན་ རང་སོའི་གོ་གནས་ལས་ དགོངས་ཞུ་སོང་ཞིནམ་ལས་ བཀབ་ནེ་འདི་ འཕྲོ་མཐུད་ལག་ལེན་འཐབ་ནི་དེ་ འོས་འབབ་མེདཔ་སྦེ་ མཐོངམ་མས་ཟེར་ཨིན་པས།
རྩ་དོན་འདི་ལུ་ ཁྲིམས་ཅིག་དགོཔ་ཡོད་མི་དང་འཁྲིལ་ གསུངས་གྲོས་བྱུང་བཞིན་དུ་ཡོད་རུང་ ད་ཚུན་གྲོས་བཅུད་ཐོན་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ དྲགོས་སངས་རྒྱས་དབང་ཕྱུག་གིས་སླབ་པའི་ཁར་ མི་དབང་རྒྱལ་པོའི་ སྐུ་སྒེར་ཚོགས་སྡེ་གིས་ཡང་ གསུངས་གྲོས་ཚུ་གནང་བའི་ཁར་ ཁྲིམས་ལུགས་ཅིག་ཡང་ ཟིན་བྲིས་འབད་ཡོད་རུང་ ད་ལྟོ་གྲོས་ཐག་བཅད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་འཐུས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ བཀབ་ནེ་གི་ གནད་དོན་དང་འབྲེལ་བའི་ ཁྲིམས་ལུགས་ཁ་གསལ་ཅིག་དགོཔ་འདུག་ཟེར་ཨིནམ་ད་ བཀབ་ནེ་གི་ལམ་སྲོལ་དེ་ ཉམས་སྲུང་འབད་དེ་བཞག་དགོཔ་ ཁག་ཆེ་བའི་ཁར་ ཞི་གཡོག་པའི་འགོ་དཔོན་ཚུ་ལུ་འབད་བ་ཅིན་ ལོ་ཚད་ཚང་སྟེ་ དགོངས་ཞུ་སོང་ཞིནམ་ལས་ གནས་སྟངས་དང་བསྟུན་ ལག་ལེན་འཐབ་མི་གིས་ བྱ་སྟབས་མ་བདེཝ་མེད་རུང་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གི་དོན་ལུ་འབད་བ་ཅིན་ ལམ་ལུགས་ཅིག་ དགོ་ནི་ཨིན་པའི་ མཐོང་གསལ་བྱུངམ་མས་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment