གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་གི་ བསམ་སྤྱོད་ལེགས་བཅོས།

༡༩/༧/༢༠༡༢   ༉ གཞུང་གྲྭ་ཚང་དང་ ཤེས་རིག་ལྷན་ཁག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ དབུ་ཁྲིད་ཐོག་ལས་ ཉིན་གྲངས་༡༠ དེ་ཅིག་གི་རིང་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ སྡེ་ཚན་ཅིག་ལུ་ གནས་སྐོར་དང་འབྲེལ་བའི་ ཆོས་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ བུམ་ཐང་སྟང་རི་མོ་ཅན་ལུ་ གནས་སྐོར་རྐྱབ་པའི་སྐབས།


དེ་ཡང་ གནམ་འབྱ་གི་ ངལ་གསོ་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་མི་ ཆོས་ཕྱོགས་ལས་རིམ་དེ་ནང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ ཁས་བླངས་པ་སློབ་ཕྲུག་ བུཚ་དང་བུམོ་བསྡོམས་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ འགོ་དང་པ་ར་ འཕྲལ་ཁམས་ཅིག་ཁར་ མེ་མཆོད་བཞེས་མི་ དབང་འདུས་ཕོ་ཕྲང་རྫོང་གི་ ས་ཁོངས་ནང་ ལྟ་སྐོར་འབད་བའི་སྐབས་ལུ་ གཙུག་ལག་སློབ་དཔོན་གྱིས་ རྫོང་གཞིས་དེ་ སྔར་བཞིན་དུ་ ལོག་བཞེངས་ཚུགས་པའི་ ཐུགས་སྨོན་ཚུ་ཡང་གནང་ཡི་ཟེར་ གཞུང་གྲྭ་ཚང་གི་ ཕྱག་ཞུ་མི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་ཚུ་གིས་ ཀྲོང་གསར་རྫོང་དང་ ལྟག་རྫོང་གི་འགྲེམ་སྟོན་ཁང་ནང་ ལྟ་སྐོར་འབད་ཡོདཔ་ཨིན་པས།
གནས་སྐོར་མང་ཤོས་ར་ བུམ་ཐང་ལུང་གཤོང་ནང་འབད་ཡོདཔ་ད་ དེ་ཡང་ སྐུ་རྗེས་དང་ བྱམས་པ་ལྷ་ཁང་ བྱ་དཀར་རྫོང་ སྟང་རི་མོ་ཅན་ སྟང་མེ་འབར་མཚོ་ མཁར་ཆུ་གྲྭ་ཚང་ ཤུག་བྲག་ལྷ་ཁང་ གཏམ་ཞིང་ལྷ་ཁང་ དཀོན་མཆོག་གསུམ་ལྷ་ཁང་ ཨུ་ར་ལུ་ཡོད་པའི་ ལྷ་ཁང་རྙིངམ་ཚུ་གི་ ནང་རྟེན་འགངས་ཅན་ཚུ་ མཇལ་ཡོདཔ་ཨིན་པས།
ལས་རིམ་དེ་གི་སྐབས་ སློབ་ཕྲུག་ཚུ་ལུ་ རྫོང་གཞིས་དང་ ལྷ་ཁང་དང་གནས་ཚུ་གི་ རྒྱལ་རབས་དང་ཆགས་རབས་ དེ་ལས་ ནང་རྟེན་ཚུ་གི་སྐོར་ལས་ གཙུག་ལག་སློབ་དཔོན་དང་ ལྷ་ཁང་དང་དགོན་སྡེའི་ དཀོན་གཉེར་ཚུ་གིས་ གནས་བཤད་འབད་ནུག།
གཞུང་གྲྭ་ཚང་གི་ གསུང་རབས་ཉམས་གསོ་འགོ་དཔོན་ དཔལ་ལ་གིས་ བཤད་མིའི་ནང་ ལས་རིམ་དེ་ནང་ གུ་རུའི་གནས་ཆེན་ སྐུ་རྗེས་ལྷ་ཁང་ནང་སྦེ་ སྡེ་ཚན་གྱིས་ དྲོ་པ་སྔོན་འགྲོ་དང་ ཉིན་མ་ གནས་སྐོར་ལས་རིམ་དང་འབྲེལ་ གཙུག་ལག་སློབ་དཔོན་གྱིས་ སློབ་ཕྲུག་ཚུ་ལུ་ ཆོས་བཤད་གནངམ་མ་ཚད་ ཕྱི་རུ་ཨ་རྟག་ར་ གསོལ་ཁ་ཚུ་ ཕུལ་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལས་རིམ་དེ་ གཞུང་གྲྭ་ཚང་དང་ མཐོ་རིམ་སློབ་གྲྭའི་ མ་དངུལ་རྒྱབ་སྐྱོར་དང་ ཐི་རི་ལེ་པོཌི་ཟེར་མི་ ལྟ་བཤལ་ལས་སྡེ་གིས་ སྣུམ་འཁོར་བཱསི་གི་ རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཀྲོང་གསར་དང་ བྱ་དཀར་རབ་སྡེ་གྲྭ་ཚང་དང་ གཞན་ལྷ་ཁང་དགོན་སྡེ་ཚུ་གིས་ཡང་ ལས་རིམ་དང་འབྲེལ་བའི་ གཞན་རྒྱབ་སྐྱོར་ཚུ་ འབད་ཡི་ཟེར་ཨིན་པས།
ལས་རིམ་དེ་ཡང་ དང་འདོད་ཅན་གྱི་ སློབ་ཕྲུག་ཚུ་ལུ་ བསམ་སྤྱོད་ལེགས་བཅོས་འབད་ནིའི་དོན་ལུ་ ཆོས་བཤད་དང་འབྲེལ་བའི་ གནས་ཀྱི་ཆགས་རབས་དང་ རྫོང་གཞིས་ཀྱི་ རྒྱལ་རབས་ལ་སོགས་པ་ཚུ་གི་སྐོར་ལས་ གོ་བརྡ་ཚུ་ སྤྲོད་ནིའི་དོན་ལུ་ འགོ་འདྲེན་འཐབ་འཐབ་ཨིན་ཟེར་ དཔལ་ལ་གིས་ བཤདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་དོན་ལུ་ གནས་སྐོར་དང་འབྲེལ་བའི་ ཆོས་བཤད་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ཐེངས་༤ པ་ཨིནམ་ད་ འགོ་དང་པ་ སྤུ་ན་ཁ་ལུ་ ལྟ་སྐོར་འབད་ཡོདཔ་ད་ དེ་གི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་དང་ ཐེངས་༣ པ་དེ་ སྤ་རོ་ལུ་ གནས་སྐོར་འབད་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ཆོས་འབྲེལ་ལས་རིམ་ཚུ་ མ་འོངས་པ་ལུ་ མཐོ་རིམ་སློབ་གྲྭ་སོ་སོའི་ སློབ་ཕྲུག་ཚུ་གི་དོན་ལུ་ཡང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment