གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོག་འཇོག་ལུ་ སྐྱེད་ཡར་སེང་འབད་རུང་ མ་རྩ་ལུ་ཕན་ཁྱད་བྱུང་མ་ཚུགསཔ།

 ༢༧/༠༧/༢༠༡༢། ༉ འབྲུག་གི་དངུལ་ཁང་ཚུ་ནང་ མ་རྩའི་མ་དངུལ་མ་ལང་པའི་དཀའ་ངལ་གྱིས་ དངུལ་ཁང་ནང་ གསོག་འཇོག་མ་དངུལ་དགོཔ་ ཁག་ཆེ་བའི་གནས་སྟངས་ལུ་ ལྷོད་ཡོད་མི་ལུ་བརྟེན་ དངུལ་ཁང་ཚུ་གིས་ གསོག་འཇོག་ཡར་སེང་གི་དོན་ལུ་ དངུལ་ཁང་ནང་བཙུགས་མི་ཏི་རུ་ཚུ་ལུ་ སྐྱེད་ཀྱི་ཚད་གཞི་ཡར་སེང་འབད་རུང་ ལྷན་ཐབས་སྦོམ་ཅིག་བྱུང་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
དེ་ཡང་ གསོག་འཇོག་སྦེ་བཞག་མི་ཚུ་ལུ་ སྐྱེད་ཀྱི་ཐོབ་ཚད་ བརྒྱ་ཆ་ཡར་སེང་འབད་རུང་ དངུལ་ཁང་ཚུ་ནང་ གསོག་འཇོག་རྩིས་དེབ་འཆང་མིའི་གྱངས་ཁ་དེ་ ཧེ་མ་བཟུམ་སྦེ་ར་གནས་ཡོདཔ་ལས་ ཁྱད་པར་ ག་ནི་ཡང་མེདཔ་ཨིན་པས།
གསོག་འཇོག་ལུ་བརྟེན་པའི་ མ་རྩའི་མ་དངུལ་ལུ་ཡང་ ཡར་སེང་གི་ཁྱད་པར་སྦོམ་ཅིག་ ག་ནི་ཡང་མེད་མི་གིས་ གསོག་འཇོག་གི་མ་རྩ་ཡར་སེང་འབད་ནིའི་ དམིགས་ཡུལ་དེ་འགྲུབ་མ་ཚུགས་པར་ ལག་ལེན་དེ་གིས་ དངུལ་ཁང་ཚུ་ལུ་ ཟད་འགྲོ་ཐེབས་གནས་པའི་ གནས་སྟངས་ཅིག་ལུ་གྱུར་ཡོདཔ་ཨིན་པས།
དངུལ་ཁང་ཚུ་གིས་ གསོག་འཇོག་བཞག་མི་ཚུ་ལུ་ སྐྱེད་ཀྱི་བརྒྱ་ཆ་ཡར་སེང་འབད་དེ་སྤྲོད་དགོ་མི་ལུ་བརྟེན་ མ་དངུལ་ཟད་འགྲོའི་ནང་ ཡར་སེང་སོང་ནུག་ཟེར་ཨིན་པས།
ས་གནས་ཀྱི་ དཔལ་འབྱོར་མཁས་མཆོག་ཅིག་གིས་སླབ་མིའི་ནང་ འདི་བཟུམ་གྱི་གནས་སྟངས་ཡོད་པའི་ཁར་ ད་རུང་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་མ་ཆོག་མི་དེ་གིས་ཡང་ སྐྱིན་འགྲུལ་གྱི་ཚོང་འབྲེལ་ནང་ མ་རྩ་བཙུགས་མ་ཚུགསཔ་ལས་ ཧེང་བཀལ་ར་ དངུལ་ཁང་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ དོ་འགྲན་ཅན་ཅིག་སྦེ་ གནས་ཏེ་ འདུག་ཟེར་ཨིན་པས།
སྤྱི་ཟླ་༥ པ་དང་༦ པ་ལས་འགོ་བཙུགས་ ལག་ལེན་འཐབ་མི་ གསོག་འཇོག་གི་སྐྱེད་ཚུ་ ལས་འཛིན་གྱི་ གསོག་འཇོག་ཚུ་ལུ་ སྐྱེད་བརྒྱ་ཆ་༣ དེ་ཅིག་ ཡར་སེང་འབད་ཡོདཔ་ད་ གཞན་མི་ གསོག་འཇོག་གི་རིགས་ཚུ་ལུ་ སྐྱེད་ བརྒྱ་ཆ་༢ དེ་ཅིག་ ཡར་སེང་འབད་ཡོདཔ་ཨིན་པས།
དངུལ་ཁང་ཚུ་ནང་ མ་རྩའི་མ་དངུལ་གྱི་གནས་སྟངས་ སྐྱོ་དྲགས་སོང་མི་ལུ་བརྟེན་ དངུལ་ཁང་ལ་ལུ་ཅིག་གིས་ གསོག་འཇོག་སྐྱེད་ཀྱི་ཐོབ་ཚད་ ཡར་སེང་འབདཝ་ད་ གཞན་མི་ཚུ་ཡང་ ཐབས་ར་མེད་པར་ སེང་དགོཔ་བྱུང་ཡོདཔ་ཨིན་པས།
སྒེར་གྱི་དངུལ་ཁང་ཅིག་གིས་སླབ་མིའི་ནང་ ཁོང་གིས་ གསོག་འཇོག་གི་སྐྱེད་ ཡར་སེང་འབད་ནིའི་ འཆར་གཞི་མེདཔ་ཨིན་རུང་ དངུལ་ཁང་གཞན་མི་ཚུ་གིས་ ཡར་སེང་འབདཝ་ལས་ ཤོ་མཚུངས་སྦེ་ ཡར་སེང་མ་འབད་བ་ཅིན་ ཚོང་མགྲོན་པ་ཚུ་ ཁ་བསྒྱུར་འགྱོ་ནི་གི་ཉེན་ཁ་ཡོདཔ་ལས་ ཡར་སེང་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ གསོག་འཇོག་སྐྱེད་ཀྱི་ཐོབ་ཚད་ ཡར་སེང་འབད་མི་དེ་ གསོག་འཇོག་འབད་མི་མངམ་བྱུང་ཐབས་ལུ་རྐྱངམ་གཅིག་མེན་པར་ འབྲུག་དངུལ་ཁང་གིས་ སྐྱེད་ཡར་སེང་འབད་བའི་བསྒང་ལས་ ཚོང་མགྲོན་པ་ཚུ་ ཁ་བསྒྱུར་འགྱོ་ནི་གི་ཉེན་ཁ་ལས་བཀག་ཐབས་ལུ་ཡང་ འབད་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ གསོག་འཇོག་ལུ་བརྟེན་པའི་མ་རྩའི་མ་དངུལ་ཚུ་ སྐྱེད་ཀྱི་ཐོབ་ཚད་ ཡར་སེང་མ་འབད་བའི་ཧེ་མར་ དངུལ་ཀྲམ་དུང་ཕྱུར་༡༥.༥ ཡོད་མི་དེ་ ཡར་སེང་འབད་ཞིནམ་ལས་  དུམ་གྲམ་ཅིག་གི་ ཁྱད་པར་ཐོག་ དངུལ་ཀྲམ་དུང་ཕྱུར་༡༥.༩ ལུ་ ཡར་སེང་སོང་ནུག་ ཟེར་ཨིན་པས།
ཊི་དངུལ་ཁང་གི་ འཛིན་སྐྱོང་དོ་ཆེན་ ཚེ་རིང་རྡོ་རྗེ་གིས་སླབ་མིའི་ནང་ སྐྱེད་ཀྱི་ཐོབ་ཚད་ཡར་སེང་འབད་རུང་ ཚོང་མགྲོན་པའི་གྱངས་ཁ་ཡར་སེང་མེད་མི་དེ་ གཙོ་བོ་ར་ སྐྱིན་འགྲུལ་ཞབས་ཏོག་མེད་པར་ རང་སོའི་འོང་འབབ་མ་དངུལ་ ལག་པར་ཡོད་མི་ཚུ་ གཞན་ཁར་ མ་རྩ་བཙུགས་ནི་དེ་གིས་ ཨིན་ཟེར་ བཤད་ཅི།
ཊི་དངུལ་ཁང་ནང་ གསོག་འཇོག་སྐྱེད་ཀྱི་ ཐོབ་ཚད་ཡར་སེང་མ་འབད་བའི་ཧེ་མར་ གསོག་འཇོག་ལུ་བརྟེན་པའི་ མ་རྩའི་མ་དངུལ་ དངུལ་ཀྲམ་དུང་ཕྱུར་༢.༤ དེ་ཅིག་ཡོད་མི་དེ་ ད་རེས་ ཡར་སེང་འབད་བའི་ཤུལ་ལུ་ དངུལ་ཀྲམ་ དུང་ཕྱུར་༢.༥ ལུ་མ་གཏོགས་ ཡར་སེང་ འགྱོ་མ་ཚུགས་ཟེར་ཨིན་པས།
འབྲུག་པཱན་ཇབ་དངུལ་ཁང་ནང་ སྐྱེད་ཡར་སེང་མ་འབད་བའི་ཧེ་མར་ གསོག་འཇོག་ལུ་བརྟེན་པའི་ མ་རྩ་མ་དངུལ་ དངུལ་ཀྲམ་དུང་ཕྱུར་༣.༧ ལུ་གནས་ཡོད་མི་དེ་ ཡར་སེང་འབད་ཞིནམ་ལས་ དངུལ་ཀྲམ་དུང་ཕྱུར་༣.༩ དེ་ཅིག་ལུ་མ་གཏོགས་ ཡར་སེང་འགྱོ་མ་ཚུགས་པའི་ཁར་ འབྲུག་དངུལ་ཁང་གིས་ དངུལ་ཀྲམ་དུང་ཕྱུར་༢༡.༨ ཡོད་མི་ལས་ ཡར་སེང་གི་ཤུལ་ལས་ དངུལ་ཀྲམ་དུང་ཕྱུར་༢༡.༩ དེ་ཅིག་ལུ་མ་གཏོགས་ ཡར་སེང་འགྱོ་མ་ཚུགས་ཟེར་ཨིན་པས།
དངུལ་ཁང་ཚུ་གིས་ གསོག་འཇོག་སྐྱེད་ཀྱི་ཐོབ་ཚད་ཡར་སེང་འབད་མིའི་ཐབས་ལམ་དེ་གིས་ མ་རྩའི་གནས་སྟངས་ལུ་ ཁྱད་པར་སྦོམ་ཅིག་ག་ནི་ཡང་ བཟོ་མ་ཚུགསཔ་ཨིན་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

 


No comments:

Post a Comment