གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟོ་ཕོགས་ཡར་སེང་འབད་མི་ལུ་བརྟེན་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་ཡོདཔ།

ཁོ་རའི་ ཁྱིམ་ནང་བཟའ་མི་ བཞེས་སྒོ་དང་ཕྱདཔ་ད་ སློབ་གྲྭ་ནང་ལས་ཐོབ་མི་ བཞེས་སྒོ་དེ་ སྤུས་ཚད་དྲག་པས་ཟེར་ སློབ་རིམ་༡༢ པའི་སློབ་ཕྲུག་ ལུང་བསྟན་ཚེ་རིང་གིས་ སླབ་ཨིན་པས། 
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ།
 ༢༦/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་གི་ལྟོ་ཕོགས་ དངུལ་ཀྲམ་༧༠༠ ལས་༡,༠༠༠ ལུ་ ཡར་སེང་འབད་མི་ལུ་བརྟེན་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་ཡོདཔ་ཨིན་པས།
སློབ་གྲྭ་གིས་ དེ་སྦེ་འབད་དགོ་མི་དེ་ཡང་ དངུལ་རྩིས་ལྷན་ཁག་གིས་ མ་དངུལ་ཆ་འཇོག་འབད་ཡོདཔ་ ཤེས་པའི་ཤུལ་ལུ་ཨིནམ་ད་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་དེ་ ད་རེས་ཀྱི་ ཟླ་མཇུག་ལས་ འཐོབ་ཚུགས་ནི་ཨིན་རུང་ ཨོ་རོང་སློབ་གྲྭ་ནང་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་ངལ་གསོ་ མཇུག་བསྡུ་སྟེ་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ལོག་བཀུག་པའི་བསྒང་ལས་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་ཡོདཔ་ཨིན་པས།
སློབ་ཕྲུག་རེ་ལུ་ ཟླ་རིམ་གྱི་ལྟོ་ཕོགས་ དངུལ་ཀྲམ་༣༠༠ རེ་ ཡར་སེང་འབད་མི་དེ་གིས་ ད་ལྟོ་ སློབ་གྲྭ་གིས་ སློབ་ཕྲུག་ཚུ་ལུ་ སྒོང་རྡོག་དང་ ཤ་ དེ་ལས་ ཉ་བྱིན་ནི་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ སློབ་ཕྲུག་ཚུ་ ད་ལས་ཕར་ ལྟོ་དང་ སྒོང་རྡོག་སླ་བསྲེས་མི་དང་  བདུན་ཕྲག་རེ་ནང་ སྒོང་རྡོག་ཚར་༣ བཙོ་བྱིན་དོ་ཡོདཔ་ཨིན་པས།
བདུན་ཕྲག་རེ་ནང་ ཉ་སྐམ་ཚར་༢ བྱིན་དོ་ཡོདཔ་མ་ཚད་ སློབ་གྲྭ་སྒོ་ཕྱེ་ཞིནམ་ལས་ ལྕགས་ཊིན་ནང་གི་ཉ་ ཚར་༡ བྱིན་ཡོདཔ་བཞིན་དུ་ ཨོ་རོང་སློབ་གྲྭ་ཆེ་བའི་ནང་ ལྟོ་ཐོབ་སློབ་ཕྲུག་༤༣༤ ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ དྲོ་པའི་ལྟོ་ མར་ཁུ་ནང་སྒྱེས་སྒྱེཝ་དང་ ཉིན་མ་དང་ ཕྱི་རུའི་དོན་ལུ་ ཚོདམ་ཀེ་བ་དང་ ཨེ་མ་དར་ཚིལ་ དེ་ལས་ དཱལ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ཟླཝ་རེ་ལུ་ ནོར་ཤ་ ཚར་༢ དང་ སྒོང་རྡོག་ཚར་༡ དེ་ལས་ ཉ་སྐམ་ཆུང་ཀུ་ཚར་༡ བྱིན་དོ་ཡོདཔ་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་གཉེར་པ་ ཀརྨ་ཀུན་བཟང་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ སྣུམ་འཁོར་ལམ་ལེགས་ཤོམ་མེདཔ་ལས་བརྟེན་ འདས་པའི་བདུན་ཕྲག་༢ ནང་ སློབ་ཕྲུག་ཚུ་ལུ་ ཤ་བྱིན་མ་ཚུགས་ཟེར་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ བསམ་གྲུབ་ལྗོངས་མཁར་ཚུན་ དུས་ཡུན་ཆུ་ཚོད་༣ འགོར་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོད་བསྲེ་ཧོནམ་ཚུ་ཡང་ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཀེ་བ་དང་ ཨེ་མ་ དེ་ལས་ སྲནམ་ཅུམ་ཚུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ ཉོ་འབག་འོང་དོ་ཡོདཔ་ཨིན་རུང་ གཞན་ཀོ་པི་དང་ ལ་ཕུག་ དེ་ལས་ ཚོད་བསྲེ་གཞན་ཚུ་ ས་གནས་ཀྱི་ སོ་ནམ་ཞིང་པ་ཚུ་ལས་ ཉོཝ་ཨིན་ཟེར་ སླབ་ཨིན་པས།
ད་ལྟོ་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་དེ་ བདུན་ཕྲག་༢ ལས་ མ་ལང་ནི་དེ་གིས་ ཚོད་བསྲེ་ལུ་ ཟད་འགྲོ་ག་དེམ་ཅིག་ གནས་དོ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ དེ་འབདཝ་ད་ ད་ལྟོ་ ཤ་མེད་པའི་སྐབས་ལུ་ ཤའི་ཚབ་སྦེ་ སྒོང་རྡོག་བྱིན་དོ་ཟེར་ སློབ་གྲྭའི་གཉེར་པ་གིས་ བཤདཔ་ཨིན་པས།
ཨོ་རོང་སློབ་གྲྭ་ཆེ་བའི་ དབུ་འཛིན་ཉི་མ་དབང་ཕྱུག་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡར་སེང་འབད་མི་དེ་གིས་ བདུན་ཕྲག་རེ་ནང་ ཤ་ཚར་༢ བྱིན་ཚུགས་པས་ཟེར་ཨིན་པས།
ད་ལས་ཕར་ ལྟོ་ཕོགས་དངུལ་ཀྲམ་༣༠༠ ཡར་སེང་འབད་མི་དེ་ ལེགས་ཤོམ་སྦེ་ར་ ལག་ལེན་འཐབ་ནི་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཟས་བཅུད་མཁས་མཆོག་གིས་ བཞེས་སྒོའི་ཐོ་ བྱིན་མི་དེ་ཡང་ ཤུལ་མའི་ ཟླཝ་ནང་ལས་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སློབ་ཕྲུག་ཚུ་དང་གཅིག་ཁར་ བརྒྱུད་འཕྲིན་ནང་ འབྲེལ་བ་འཐབ་པའི་སྐབས་ ཧེ་མ་བྱིན་མི་ བཞེས་སྒོའི་སྤུས་ཚད་དང་ ད་ལྟོ་བྱིན་མི་༢ ཀྱི་བར་ན་ སྤུས་ཚད་ཀྱི་ཐད་ཁར་ ཁྱད་པར་སྦོམ་འདུག་ཟེར་ཨིན་པས།
སློབ་ཕྲུག་༡ གིས་འབད་བ་ཅིན་ ད་ལས་ཕར་ ཁོ་གི་ཕམ་དང་ སྤུན་ཆ་ཚུ་གིས་ སློབ་གྲྭ་ནང་ བཟའ་ནི་གི་དོན་ལུ་ བཞེས་སྒོ་ཚུ་ ག་ཅི་ཡང་ སྐྱེལ་མི་དགོ་ཟེར་ སླབ་ཅི་ཟེར་ སླབ་ཨིན་པས།
སློབ་རིམ་༡༢ པའི་སློབ་ཕྲུག་ ལུང་བསྟན་ཚེ་རིང་དེ་ ལའུ་རི་རྒེད་འོག་ལས་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་རའི་ ཁྱིམ་ནང་བཟའ་མི་ བཞེས་སྒོ་དང་ཕྱདཔ་ད་ སློབ་གྲྭ་ནང་ལས་ཐོབ་མི་ བཞེས་སྒོ་དེ་ དྲག་པས་ཟེར་ སླབ་ཨིན་པས།
པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་མང་ཤོས་ཅིག་གིས་ བཞེས་སྒོའི་ཐོ་གསརཔ་བཟོ་ནི་གི་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ད་ལྟོ་ འགོ་མ་བཙུགསཔ་ཨིན་པས།
པདྨ་དགའ་ཚལ་ ནང་སྐོར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ བཞེས་སྒོའི་ཐོ་ གསརཔ་བཟོ་ཡོདཔ་ཨིན་རུང་ ལྟོ་ཕོགས་ཡར་སེང་འབད་མི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ནང་སྐོར་འབྲིང་རིམ་སློབ་གྲྭ་གོང་མའི་ དབུ་འཛིན་རིན་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་འཆར་གཞི་དང་འཁྲིལཝ་ད་ ཟླཝ་རེ་ནང་ ཤ་རློནམ་ཚར་༤ དང་ ཉ་སྐམ་ཚར་༢ བྱིན་ནི་ཟེར་ཨིན་པས།
གཞན་མི་ སློབ་ཕྲུག་ཚུ་ལུ་ ཤ་དང་ སྒོང་རྡོག་ དེ་ལས་ ཉ་སྐམ་ཚུ་བྱིན་པའི་སྐབས་ ཤ་མ་བཟའ་མི་ སློབ་ཕྲུག་ཚུ་ལུ་ མར་བྱིན་ནི་ཡོད་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment