གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཀྱི་ མི་སེར་ཚུ་ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ།

ས་ཐེབས་ཐོན་མི་ཚུ་གི་ ས་རིན་ཚུ་ཡང་ གཞུང་ལུ་ ཕུལ་མ་དགོ་པའི་ དགོངས་ཡངས་གནང་ཡི།
 
༢༧/༠༧/༢༠༡༢།༉ འབྲུག་རྒྱལ་ཁབ་ནང་ ས་ཆ་དང་འབྲེལ་བའི་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ གནང་བཞིན་དུ་ཡོད་མི་དང་བསྟུན་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་ཅིག་ གནང་ཐོག་ལས་ དབང་འདུས་ཕོ་བྲང་ཤར་དར་བརྒྱད་ཀྱི་ རྒེད་འོག་༡༥ ནང་ ས་ཁྲམ་འཆང་མི་༨,༡༥༠ གི་དོན་ལུ་ ཆུ་ཞིང་ལེབ་གྲངས་ཐེབས་ཐོན་མི་ ཨེ་ཀར་༤,༨༥༧ དང་ སྐམ་ཞིང་ཨེ་ཀར་༢༧༥༣ འབདཝ་ད་ བསྡོམས་ཀྱིས་ ས་ཆ་ཨེ་ཀར་༧,༦༡༠ སྐྱིད་སྡུག་སྦེ་གནང་ཡི།
དེ་ཡང་ བསྟན་སྐྱོང་གླིང་བསྟན་སྲུང་དམག་སྡེའི་ འདུ་འཛོམས་ཁང་ནང་ རྒཔོ་དང་ དམངས་མི་ ཚོགས་པ་ དེ་ལས་ གཡུས་ཁའི་གོ་ཤེས་ཉན་ཤེས་དང་ དམག་མི་བགྲེསཔ་ རྫོང་ཁག་འགོ་དཔོན་ཚུ་འབདཝ་ད་ མི་སེར་གྱི་འཐུསཚབ་༣༥༠ ལྷགཔ་ཅིག་འཛོམས་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གུ་ ཕྱག་རྟགས་གནང་ཐོག་ལས་ ས་ཐེབས་ཐོན་མི་ཚུ་ བཟའ་སྤྱོད་འབད་མི་ མི་སེར་ཚུ་ལུ་ སྐྱིད་སྡུག་སྦེ་ གནང་པའི་ཁར་ ས་ཐེབས་ཨེ་ཀར་༢,༧༥༢ ཐོན་མི་ལུ་ ས་རིན་བསྡོམས་དངུལ་ཀྲམ་ས་ཡ་༢༨.༤ གནས་མི་དེ་ཡང་ དགོངས་ཡངས་གནང་ཡི།
སྐྱིད་སྡུག་ཐོབ་མི་ཡོངས་བསྡོམས་༨,༡༥༠ ལས་ ངོ་རྐྱང་ཁྲམ་འཆང་མི་༥,༠༧༧ ལུ་ ས་ཐེབས་ཨེ་ཀར་༧༨༢.༥ དང་ ལག་ཁྲམ་མེད་པར་ མི་༩༠༥ གིས་ ཁྱིམ་སའི་དོན་ལུ་སྤྱོད་མི་ ས་ཆ་ཨེ་ཀར་༡༦༦.༧༥ གཞུང་ས་ཨེ་ཀར་༧༦༡.༩ སྤྱོད་མི་༡,༨༤༥ དང་ གྲྭ་ཚང་དང་ཆོས་སྡེ་དང་འབྲེལ་བའི་ གནད་དོན་༥༨ ནང་ ས་ཆ་ཨེ་ཀར་༧༥.༩ ཡོད་པའི་ཁར་ མི་མང་དང་ སྒེར་གྱི་ལྷ་ཁང་ཚུ་དང་འབྲེལ་བའི་ གནད་དོན་༡༩༤ ལུ་ ས་ཆ་ཨེ་ཀར་༢༠༠.༧ དེ་ལས་ གནད་དོན་༦ དམངས་ཀྱི་ས་ཆ་ཨེ་ཀར་༢ བདག་བཟུང་འབད་མི་ཚུ་ཨིན་པས།
དེ་ལས་ ཧེ་མར་ ས་ཆ་འཇལ་བའི་ཤུལ་ལུ་ ས་ཐེབས་ཨེ་ཀར་༢,༧༥༢ ཐོན་མི་ལུ་ མི་སེར་ལ་ལུ་ཅིག་གིས་ ས་རིན་བསྡོམས་དངུལ་ཀྲམ་ས་ཡ་༨.༥ ལྷགཔ་ཅིག་ སྤྲོད་ཚར་མི་ཚུ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ལོག་སྤྲོད་ནི་ཨིན་ཟེར་ གསུངས་གནང་པའི་ཁར་ ལྷག་ལུས་སྤྲོད་དགོཔ་ དངུལ་ཀྲམ་ས་ཡ་༡༩ ལྷགཔ་ཅིག་ ལུས་མི་ཚུ་ཡང་ དགོངས་ཡངས་ཨིན་ཟེར་ གསུངས་གནང་ཡི།
སའི་སྐྱིད་སྡུག་གནངམ་ད་ མི་དབང་མཆོག་གིས་ མི་སེར་གྱི་ འཐུས་མི་ཚུ་ལུ་ དྲན་གསལ་གནང་མིའི་ནང་ མངའ་ཞབས་མཆོག་ལས་ ས་ཆ་སྐྱིད་སྡུག་སྦེ་ གནང་མི་དེ་གིས་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་སྟབས་བདེ་དྲགས་བཟོ་བའི་ ཐུགས་རེ་ཡོདཔ་མ་ཚད་ ས་ཆ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ རང་སོའི་ཨ་ལུ་ཚུ་ལུ་ རྩིས་སྤྲོད་འབད་དགོ་ཟེར་གསུངས་ཡི།
རྒྱལ་ཁབ་གོང་འཕེལ་གཏང་ནིའི་ནང་ མི་སེར་ཚུ་ ཁག་ཆེ་བའི་ཁར་ ང་བཅས་རའི་ མི་སེར་ཚུ་གི་ནང་ལས་ཡང་ ལྷག་པར་དུ་ མཐའ་ཟུར་མི་སེར་ཚུ་གི་ མ་འོངས་གནས་སྟངས་ཚུ་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ས་ཆ་དེ་ གལ་གནད་ཅན་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ལེགས་བསྒྱུར་དང་ དམངས་གཙོའི་རིང་ལུགས་ནང་ འབྲེལ་གཏོགས་འབད་མི་ མི་སེར་སྒྲིང་སྒྲིང་དགོཔ་ཡོད་མི་གཟིགས་ཏེ་ རྒྱལ་ཁལ་ཀྱི་ ས་ཆ་ཐོན་ཁུངས་དཀོན་དྲགས་ཡོད་མི་དང་ མ་དངུལ་ཚུ་ སྐྱིད་སྡུག་སྦེ་ གནངམ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་གནང་ཡི།
མི་དབང་མཆོག་གིས་ མི་སེར་ཚུ་གི་ སྐྱིད་སྡུག་ལུ་གཟིགས་ཏེ་ ས་ཆའི་སྐྱིད་སྡུག་གནང་བ་གིས་མ་ཚད་ ས་རིན་ཡང་ དགོངས་ཡངས་གནང་མི་ཚུ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
ང་བཅས་མི་སེར་ཚུ་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་ མྱ་ངན་སྦོམ་ཕོག་སྟེ་སྡོད་པའི་ ནམ་དུས་ལུ་ མི་དབང་མཆོག་གིས་ ས་ཆའི་སྐྱིད་སྡུག་གནངམ་ལས་ གནག་དུང་ནང་ལས་ དཀར་གསལ་ནང་ ཐོན་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ དྭངས་ཆུ་རི་དག་ལས་ སྐྱེས་ལོ་༥༣ ལང་མི་ སོ་ནམ་པ་ རིག་འཛིན་གྱིས་ སླབ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༠༧ ལུ་ བཀའ་རྒྱ་གནང་མི་དང་བསྟུན་ སྤྱི་ལོ་༢༠༠༨ ཟླཝ་༦ པའི་ནང་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དང་པ་ར་ ལྷུན་རྩེ་རྫོང་ཁག་ལས་ འགོ་བཙུགས་པའི་ཤུལ་ལུ་ མོང་སྒར་དང་ བཀྲིས་སྒང་ བཀྲིས་གཡང་རྩེ་ཚུ་ནང་ ས་ཆ་བསྐྱར་འཇལ་ཐོག་ རྒེད་འོག་༣༨ ཀྱི་ ས་ཆ་ཐེབས་༢༩,༡༢༥ རྩིས་ཏེ་ ས་ཆ་ཨེ་ཀར་༤༠,༠༥༣ དེ་ཅིག་ ཐོན་མི་ཚུ་ག་ར་ སའི་ཇོ་བདག་ཚུ་ལུ་ སྐྱིད་སྡུག་གནང་ཡོད་པའི་གནས་ཚུལ།

དབང་འདུས་ལས་ རིག་འཛིན་དབང་ཕྱུག།
 

No comments:

Post a Comment