གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ སྐྱ་ནམ་གནས་གོང་འཕར་ཆ་བརྒྱ་ཆ་༡༣.༥ ལུ་ལྷོད་ཡོདཔ།

 ༢༧/༠༧/༢༠༡༢། ༉ རྒྱལ་ཡོངས་གནས་སྡུད་ལས་ཁང་གིས་ སྤྱི་ཟླ་༤ པ་ལས་༦ པ་ཚུན་གི་ སྐྱ་ནམ་གནས་གོང་འཕར་ཚད་ཀྱི་ གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༣.༥༣ གྱིས་ ཡར་སེང་སོང་ཡོད་མི་དེ་ སྤྱི་ལོ་༢༠༠༣ ལས་ད་ཚུན་གྱི་བར་ན་ ཡར་འཕར་འགྱོ་མིའི་ཚད་གཞི་ མཐོ་ཤོས་ཅིག་ཨིན་པས།
དེ་ཡང་ གཙོ་བོ་ར་ འབྲུག་གི་དཔལ་འབྱོར་དེ་ རྒྱ་གར་གྱི་དཔལ་འབྱོར་ལུ་བརྟེན་སྡོད་དགོ་མི་ཅིག་ཨིནམ་ལས་ རྒྱ་གར་གི་རུ་པིའི་གནས་གོང་ ཌོ་ལར་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་སོང་བའི་ཁར་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ཚུ་ལུ་བརྟེན་ ཡར་སེང་སོང་ནུག་ཟེར་ཨིན་པས།
སྐྱ་ནམ་ཚུ་གི་གྲས་ལས་ དཔལ་འབྱོར་གནས་སྟངས་ནང་ རུ་པི་མ་ལང་པའི་དཀའ་ངལ་དེ་གིས་ ཚོད་བསྲེ་དང་ བཟའ་སྤྱོད་ཀྱི་མར་ཁུ་ ཤིང་འབྲས་དང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་གི་ གོང་ཚད་དེ་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་མ་ཚད་ ཚོང་པ་ཚུ་གིས་ ཅ་དངོས་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེབས་སྤྲོད་དེ་ བརྗེ་སོར་འབད་དགོ་པའི་གནས་སྟངས་ནང་ལྷོད་ནུག་ཟེར་ཨིན་པས།
སྐྱ་ནམ་གྱི་གནས་གོང་ལུ་ ཡར་འཕར་ཡོད་མི་ཅིག་ སྤྱི་ལོ་༢༠༡༡ ལོ་མཇུག་མཚམས་ལུ་ རུ་པིའི་གནས་གོང་དེ་ ཌོ་ལར་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་སོང་ནི་དེ་གིས་ཨིན་པའི་ཁར་ ཌོ་ལར་རེ་ལུ་ རུ་པི་༥༧ དེ་ཅིག་ཁར་ལྷོད་ཡོདཔ་ཨིན་པས།
ཌོ་ལར་དང་ཕྱདཔ་ད་ རུ་པིའི་ཤུགས་ཚད་མར་བབས་སོང་མི་གིས་ ཌོ་ལར་དང་འབྲེལ་བའི་ ཕྱིའི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འཐབ་ཡོད་པའི་ ཅ་དངོས་ ས་སྣུམ་དང་ གློག་རིག་དང་ འཕྲུལ་རིག་གི་ཅ་ཆས་ཚུའི་ གནས་གོང་ཚུ་ ཡར་འཕར་སོང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༤ པ་ལས་༦ པ་ཚུན་ལུ་ གནས་གོང་འཕར་ཆ་དང་ཕྱདཔ་ད་ དུས་ཅི་ ཟླཝ་༣ གྱི་ནང་འཁོད་ལུ་ བརྒྱ་ཆ་༡༨ ལྷགཔ་ཅིག་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ ཆང་དང་ ཏམ་ཁུའི་རིགས་བརྒྱ་ཆ་༢༤ དང་ ལྷམ་དང་གོ་ལའི་རིགས་ བརྒྱ་ཆ་༢༡ ཡར་སེང་སོང་ཡོདཔ་མ་ཚད་ ས་སྣུམ་དང་འབྲེལ་བའི་རིགས་ཚུ་ བརྒྱ་ཆ་༦.༩ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
རྒྱལ་ཡོངས་གནས་སྡུད་ལས་ཁང་གིས་ ཅ་དངོས་དང་ བཟའ་ཆས་ལ་སོགས་པ་ ཡོངས་བསྡོམས་༣༦༣ གྱི་ རིན་གོང་གནས་སྟངས་ཚུ་ འབྲུག་གི་ཁྲོམ་སྡེ་ཁག་༢༣ དེ་ཅིག་ནང་ལས་ བསྡུ་ལེན་འབད་ཐོག་ལས་ གནས་སྡུད་བཀོད་སྒྲིག་འབད་དེ་ ལོ་བསྟར་བཞིན་དུ་ ཟླཝ་༣ ནང་ ཚར་རེ་ སྙན་ཞུ་གསལ་སྟོན་འབདཝ་ཨིན་པས།
འདས་པའི་ སྙན་ཞུ་གི་གནས་སྟངས་དང་འཁྲིལཝ་ད་ འཕྲལ་ཁམས་ལུ་ ཟླཝ་༣ ནང་ སྐྱ་ནམ་གནས་གོང་བརྒྱ་ཆ་༥.༨ རེ་ ཡར་འཕར་འགྱོ་དོ་ཡོད་པའི་ མངོན་གསལ་བྱུང་ཡོད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
ཁ་ཟས་ཀྱི་རིགས་ལས་ རྡོག་མ་དང་ པཱ་ནི་ཚུ་ ན་ཧིང་ སྤྱི་ཟླ་༤ པ་ལས་༦ པ་ཚུན་དང་ཕྱདཔ་ད་ དུས་ཅི་ བརྒྱ་ཆ་༧༡ གིས་ ཡར་འཕར་སོང་ནུག་ཟེར་ཨིནམ་ད་ ཚོད་བསྲེ་དང་ ཤིང་འབྲས་ཚུ་གི་གནས་གོང་ བརྒྱ་ཆ་༢༣ དེ་ཅིག་གིས་ ཡར་འཕར་སོང་ནུག་ཟེར་ཨིན་པས།
གོ་ལ་དང་ ཁང་གླ་ གླ་ཆ་ལ་སོགས་པའི་ནང་ བརྒྱ་ཆ་༢.༤ དེ་ཅིག་གིས་ ཡར་སེང་སོང་ཡོདཔ་མ་ཚད་ ད་རེས་ སྤྱི་ཟླ་༦ པ་མཇུག་མཚམས་ལུ་ དངུལ་ཀྲམ་གྱི་ ཤུགས་ཚད་དེ་ཡང་ ཕྱེད་ཀྲམ་༥༦ ལུ་ལྷོད་ནུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༣ ལུ་ དངུལ་ཀྲམ་༥༦ སྦེ་ཐོབ་མི་ཅ་དངོས་ཚུ་ ད་རེས་ནངས་པ་ དངུལ་ཀྲམ་༡༠༠ རེ་གནས་དོ་ཡོདཔ་ཨིན་པས།
ད་རེས་ཀྱི་ སྐྱ་ནམ་གནས་གོང་འཕར་ཆའི་རྩིས་དཔྱད་ཚུ་ སྤྱི་ལོ་༢༠༠༣ གྱི་ གནས་གོང་ལུ་གཞི་བཞག་ཐོག་ རྩིས་དཔྱད་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།



No comments:

Post a Comment