གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ ལྷོ་མཚམས་ལུ་ སྲུང་སྐྱོབ་གནས་སྟངས་བསྐྱར་ཞིབ་གནང་ཡོདཔ།

༢༡/༧/༢༠༡༢   ༉ བདུན་ཕྲག་འདི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ལྷོ་མཚམས་ཀྱི་ ས་མཚམས་ཚུ་བདའ་སྟེ་ སྲུང་སྐྱོབ་གནས་སྟངས་བསྐྱར་ཞིབ་གནང་པའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ཐིམ་ཕུ་ལུ་ ལོག་ཕེབས་ཅི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ དགེ་ལེགས་ཕུག་ཁྲོམ་ཁར་ གཟིགས་ཞིབ་གནང་པའི་བསྒང་།
མི་དབང་རྒྱལ་བཙུན་རྣམ་གཉིས་ རྩི་རང་ཁྲོམ་གྱི་ མི་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༤ ལས་༡༨ ཚུན་ དགེ་ལེགས་ཕུག་ལུ་ ཆིབས་བསྐྱོད་གནངམ་ད་ མི་དབང་མཆོག་གིས་ ཟླཝ་འདི་གི་ སྔ་ཆ་ལུ་ མི་ངན་ཚུ་གིས་ རྐུ་གསོད་རྐྱབ་སྟེ་ འབྲུག་གི་བསྟན་སྲུང་དམག་མི་ཅིག་ དམར་བསད་འབད་སའི་ ས་ཁོངས་ནང་དང་ འདས་པའི་རིང་ལུ་ འདི་བཟུམ་མའི་ གསང་བཅོམ་འབད་སའི་ ས་གནས་ཚུ་ནང་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ གཟིགས་ཞིབ་གནང་པར་བྱོན་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ སྲུང་སྐྱོབ་སྒྲིང་སྒྲིང་བཟོ་ནི་དང་ ཞི་བའི་མི་སེར་དང་ ཉེན་སྲུང་ལྟ་སྐོར་འབད་མི་ དམག་མི་ཚུ་ ཉེན་སྐྱོབ་འབད་ནི་གི་ ཐབས་ལམ་ཚུ་ བཏོན་དགོ་པའི་ བཀའ་རྒྱ་ཚུ་ཡང་ གནང་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ མི་སེར་གྱི་དོན་ལུ་ སྲུང་སྐྱོབ་གལ་ཆེ་བའི་ ས་ཁོངས་ཆ་མཉམ་ནང་ གཟིགས་སྐོར་གནང་མི་དེ་ཡང་ བསྟན་སྲུང་དམག་སྡེའི་བྱང་སེང་༩ པའི་ དམག་སྒར་དང་ ཡིག་ཚང་གཙོ་ཁང་ཚུ་གིས་གཙོས་པའི་ འཇིགས་མེད་གླིང་དང་ བུར་ བདེ་སྐྱིད་གླིང་ དགའ་བ་ཐང་ས་ཁོངས་ཚུ་ནང་ཡོད་པའི་ སྲུང་སྐྱོབ་དང་ ཉེན་སྲུང་ལྟ་རྟོག་མཚམས་སྒོ་ཚུ་ནང་ཡང་ གཟིགས་ཞིབ་གནང་ནུག།
མི་དབང་མཆོག་གིས་ གསར་སྤང་རྫོང་ཁག་དང་ དགེ་ལེགས་ཕུག་དྲུང་ཁག་བདག་སྐྱོང་འགོ་དཔོན་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡི།
དེ་གི་ནངས་པར་ མི་དབང་མཆོག་གིས་ དགེ་ལེགས་ཕུག་སྨན་ཁང་ནང་ ཆིབས་བསྐྱོད་གནང་སྟེ་ སྨན་ཁང་གི་ལས་བྱེདཔ་དང་ ནདཔ་ཚུ་དང་གཅིག་ཁར་ ཞལ་འདྲིས་གནང་པའི་ཁར་ དགེ་ལེགས་ཕུག་ཁྲོམ་གྱི་ ཚོང་ཁང་རེ་རེ་བཞིན་དུའི་ནང་ ཞབས་ཀྱིས་བཅགས་ཐོག་ལས་ ཚོང་པ་དང་ མི་མང་དང་ མཇལ་ཕྲད་མཛད་གནང་ནུག།
སྤྱི་ཟླ་༧ པའི་ཚེས་༡༧ ལུ་ དམག་མི་དང་ དྲག་དམག་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ དྲག་དམག་གི་ བཟའ་ཚང་སྡོད་སྒར་ཚུ་ནང་ བྱོན་གནང་སྟེ་ བཟའ་ཟླ་ཚུ་དང་གཅིག་ཁར་ ལོགས་སུ་སྦེ་ ཞལ་འདྲིས་གནང་ཡོདཔ་ཨིན་པས།
ད་རུང་ དེ་གི་ནངས་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྒེར་གྱི་ཉིན་མའི་མཐའ་སྐྱོང་ལྟེ་བ་ཅིག་ནང་ གཟིགས་ཞིབ་གནང་པའི་ཤུལ་ལུ་ རྩི་རང་ལུ་བྱོན་ཏེ་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ འགྲམ་ཕུག་ཁྲོམ་ནང་ ཞབས་སྟོང་སྦེ་ གཟིགས་ཞིབ་གནང་ནུག།
མི་དབང་མཆོག་གིས་ རྫོང་ཁག་གཉིས་ཆ་རའི་ནང་ བཟའ་ཚང་༡༥༠ ལྷགཔ་ཅིག་ལུ་ མི་རྩིས་ཀྱི་ སྐྱིད་སྡུག་ཚུ་གནང་ནུག།
དེ་ལས་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ རྒྱལ་ས་ལྟེ་བ་ལུ་ ལོག་བྱོན་པའི་ལམ་ཁར་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་མིའི་ནང་ལས་ ནང་རྟེན་དང་ ཅ་ཆས་འགངས་ཅན་ཚུ་ ལོག་འཚོལ་ནི་ འགོ་བཙུགས་ཡོད་མིའི་ གྲུབ་འབྲས་ལུ་ བསྐྱར་ཞིབ་གནང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment