གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཅིག་གིས་ དགེ་སློང་ནང་འཛུལ་ཡོདཔ།

༢༤/༧/༢༠༡༢   ༉ ཁ་ཙ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་འཁོར་དང་པོ་བསྐོར་གནང་བའི་ དུས་ཆེན་ལུ་ བཀྲིས་སྒང་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐའ་འཁོར་ཚན་རིག་དང་ ཨིང་སྐད་༢ ཆ་རའི་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ལྷ་དབང་རྡོ་རྗེ་ ཤེར་པ་གིས་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭའི་ནང་ དགེ་སློང་སྦེ་ འཛུལ་ཡོདཔ་ཨིན་པས།
བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ ལྷ་དབང་རྡོ་རྗེ་ ཤེར་པ་ལུ་ དགེ་སློང་གི་ན་བཟའ་ ཆ་ཚང་གནངམ་མ་ཚད་ སྐྱབས་འགྲོའི་སྡོམ་པ་ཡང་ གནང་ཡོདཔ་ཨིན་པས།

དབུ་འཛིན་ཀརྨ་རང་གྲོལ་གྱིས་ ལྷ་དབང་རྡོ་རྗེ་ ཤེར་པ་ལུ་ ཁ་དར་གནང་པའི་བསྒང་།


སྐྱེས་ལོ་༢༤ ལང་མི་ ལྷ་དབང་རྡོ་རྗེ་ ཤེར་པ་དེ་ བསམ་གྲུབ་ལྗོངས་མཁར་ ཌའི་ཕཱམ་ལས་ཨིནམ་ད་ ཁོ་གིས་ མཐོ་རིམ་ཤེས་ཚད་དེ་ འདས་པའི་ཟླཝ་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁ་ཙ་ མགུ་ཏོ་གི་སྐྱ་ བཏོགས་པའི་ཤུལ་ལུ་ དགེ་སློང་གི་ན་བཟའ་གྱོན་པའི་སྐབས་ སེམས་ཁར་ཚོར་སྣང་མ་འདྲཝ་ཅིག་ བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ གཟའ་སྐར་ལེགས་པའི་ཁར་ དུས་ཆེན་གྱི་ཉིནམ་དང་འབྲེལ་ དགེ་སློང་ནང་ འཛུལ་ཞུགས་འབད་ཚུགས་ནི་དེ་གིས་ དགའ་སྤྲོ་ཚད་མེད་བྱུངམ་མ་ཚད་ ཁོ་རའི་ བསམ་དོན་ཡང་ གྲུབ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ བརྒྱུད་འཕྲིན་གྱི་ཐོག་ལས་ སླབ་མིའི་ནང་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ དགེ་སློང་ནང་འཛུལ་ནི་ལུ་ སྤྲོ་བ་སྦོམ་ཡོད་རུང་ ཁོ་རའི་ ཨ་རྒས་ཀྱིས་ ཧེ་མ་ར་ མཐོ་རིམ་ཤེས་ཡོན་སྦྱང་དགོཔ་སྦེ་ སླབ་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུང་ཀུའི་བསྒང་ལས་ ད་ལྟོ་ཚུན་ ཆོས་དང་འཇིག་རྟེན་གྱི་སྐོར་ལས་ ལེགས་ཤོམ་སྦེ་ བརྟག་ཤིང་དཔྱད་ལྟཝ་ད་ དམ་པའི་ཆོས་དེ་ར་ གལ་ཆེཝ་སྦེ་ མཐོང་ཡི་ཟེར་ཨིན་པས།
ཁོ་གི་རིགས་བརྒྱུད་དེ་ ཏ་མང་ བོམ་ཟཱན་ཟེར་མི་དེ་ཨིནམ་ད་ རིགས་དེ་ ཧེ་མ་ལས་ བླམ་ཆོསཔ་སྦེ་ སྡོད་མི་ཅིག་ཨིན་ཟེར་ ཁོ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ལྷ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ དགེ་སློང་ནང་ འཛུལ་ཚར་བའི་ཤུལ་ལུ་ སངས་རྒྱས་ཀྱི་བསྟན་པ་དང་ སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ དམ་ཆོས་ཡང་དག་འབད་ནིའི་ རེ་འདུན་སྦོམ་ཡོད་ཟེར་ཨིན་པས།
བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ སླབ་མིའི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་རུང་ དགེ་སློང་ནང་འཛུལ་ནིའི་ དང་འདོད་བསྐྱེད་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིནམ་ད་ ད་ལས་ཕར་ ཁོ་གིས་ འཛིན་གྲྭ་དང་པ་ལས་ འགོ་བཙུགས་ཏེ་ རིག་གཞུང་ལྷབ་དགོཔ་ཨིན་རུང་ བཤད་གྲྭའི་ནང་ ཨིང་ལིཤ་ཆོས་ཚན་སྟོན་མི་ སློབ་དཔོན་བཟུམ་ཅིག་སྦེ་ བཞག་ནི་ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཁ་ཙ་ བཤད་གྲྭའི་ནང་ འཕགས་པའི་གནས་བརྟན་བཅུ་དྲུག་གི་ གསུང་ཆོག་གནང་ཡོདཔ་ད་ གསུང་ཆོག་ནང་ ནེ་པཱལ་གྱིས་གཙོས་པའི་ རྒྱལ་ཁབ་མཐའ་དབུས་མེད་པའི་ དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment