གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྟོན་པ་སངས་རྒྱས་ཀྱིས་ ཆོས་འཁོར་བསྐོར་བའི་དུས་ཆེན་བརྩི་སྲུང་།

༢༣/༧/༢༠༡༢   ༉ ད་རིས་ ནང་པའི་ཆོས་གྱི་བྱུང་རབས་ནང་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གིས་ ལོ་དྲུག་དཀའ་བ་སྤྱད་པའི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་གི་དྲུང་དུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ ཆོས་ཀྱི་འཁོར་ལོ་འགོ་དང་པ་ བསྐོར་གནང་བའི་ཉིནམ་ཨིནམ་ལས་ རྒྱལ་ཁབ་མཐའ་དབུས་མེད་པར་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ ཚོགས་བསག་སྒྲིབ་སྦྱང་གི་ལཱ་ལུ་ བརྩོན་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ གཞུང་གི་ཡིག་ཚང་དང་ སློབ་གྲ་ཚུ་ག་ར་ ངལ་གསོ་བཞགཔ་ཨིན་པས།


དེ་ཡང་ སྟོན་པ་ཉམས་མེད་བུ་རམ་ཤིང་པ་ རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་གིས་ ལོ་༦ དཀའཝ་སྤྱད་པའི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་གི་དྲུང་དུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ བདུད་རྩི་ལྟ་བུའི་ཆོས་ཞིག་ཐོབ་སྟེ་ ཆོས་དེ་ ག་ལུ་སྟོན་རུང་ གོ་ཚུགས་མི་ཉུངམ་ལས་ ག་ལུ་ཡང་མ་གསུངས་པར་ བཞུགས་པའི་སྐབས་ ལྷ་ཚངས་པ་དང་ བརྒྱ་སྦྱིན་གྱིས་ཤེས་ཏེ་ གསེར་གྱི་འཁོར་ལོ་དང་ དུང་དཀར་གཡས་འཁྱིལ་ཚུ་ཕུལ་སྟེ་ ཆོས་ཀྱི་འཁོར་ལོ་བསྐོར་དགོཔ་སྦེ་ གསོལ་བ་བཏབ་ད་ སངས་རྒྱས་ཀྱིས་ དུས་ལུ་འབབ་ཨིནམ་གཟིགས་ཏེ་ འགོ་དང་པ་ ཟླ་༦ པའི་ཚེས་༤ ལུ་ ཆོས་ཀྱི་འཁོར་ལོ་བསྐོར་གནང་པའི་ཉིནམ་ཨིནམ་ལས་ དུས་ཆེན་དེ་ཁྱད་པར་ཅན་ཅིག་ཨིན་པས།
དེ་ཡང་ དུས་ཁྱད་པར་ཅན་དེ་ལུ་ གནས་ཁྱད་པར་ཅན་ རྒྱ་གར་གྱི་ཡུལ་ཝ་རཱ་ཎ་སིའི་ དྲང་སོྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཟེར་སར་ཕེབས་ཞིནམ་ལས་ འཁོར་ཕུན་སུམ་ཚོགས་པ་ ལྔ་སྡེ་བཟང་པོ་གིས་གཙོས་པའི་ ལྷ་དང་ལྷ་མ་ཡིན་གྱི་ཚོགས་ལུ་ ཆོས་ཕུན་སུམ་ཚོགས་པ་ བཀའ་དང་པོ་ བདེན་པ་བཞིའི་ཆོས་འཁོར་དེ་ འགོ་དང་པ་ དེ་རིས་ཀྱི་ཉིནམ་འདི་ཁར་ གནང་ནི་དེ་གིས་ ཉིནམ་དེ་ ནང་པ་སངས་རྒྱས་པའི་ལྟ་བ་ལུ་ ག་ནི་བ་ ཁྱད་པར་ཅན་ཅིག་ཨིན་པས།
དེ་འབད་ནི་དེ་གིས་ ཉིནམ་དེ་ཁར་ ལྷ་ཁང་དགོན་སྡེ་ཚུ་ནང་ ཚོགས་འཁོར་དང་ ཆོས་བཤད་ལ་སོགས་པའི་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཚད་ ས་གནས་ལ་ལུ་ཅིག་ནང་ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལུ་ རྒྱལ་བའི་གསུང་རབ་བཀའ་འགྱུར་གྱི་པོ་ཏི་ཚུ་ གཡུས་བསྐོར་རྐྱབ་སྟེ་ འབག་འགྱོ་བའི་ལམ་སྲོལ་ཡོདཔ་མ་ཚད་ མི་མང་ཚུ་གིས་ཡང་ ཉིནམ་དེ་ཁར་ ལྷ་ཁང་དགོན་སྡེ་དང་ གནས་ཁྱད་པར་ཅན་ཚུ་ནང་ ཕྱག་མཆོད་སྨོན་ལམ་བཏབ་ནི་དང་ དཀར་མེ་ཚུ་ ཕུལ་བར་འགྱོཝ་ཨིན་པས།
ཉིནམ་དེ་ཁར་ ཚོགས་བསག་སྒྲིབ་སྦྱང་ལ་སོགས་པའི་ དགེ་བའི་ལཱ་འབད་བ་ཅིན་ རྒྱལ་བའི་གསུང་རབ་ཚུ་ནང་ལས་ དགེ་བའི་རྩ་བ་དུང་ཕྱུར་གྱིས་ ཁྱད་པར་ཡོདཔ་མ་ཚད་ ཕན་ཡོན་གྱི་ཁྱད་པར་ཡང་ རྒྱ་ཆེཝ་སྦེ་ཡོད་ཚུལ་ཚུ་ཡང་ གསུངས་ཡོདཔ་ལས་ ད་རིས་ དགེ་བའི་ལཱ་ལུ་བརྩོན་དགོཔ་དེ་ གོ་སྐབས་བཟང་པོ་ཅིག་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment