གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གདིང་ཁའི་ལྕགས་ཟམ་ གསར་བསྒྲུབས་ཀྱི་འགོ་འབྱེད།

རིང་ཚད་ཕིཊ་༢༠༠ དང་ རྒྱ་ཚད་མི་ཊར་༣ འབད་མི་ ལྕགས་ཟམ་གསརཔ་དེ་གིས་ ཆུ་སྦུག་རྒེད་འོག་གི་
མི་སེར་ཚུ་དང་ བསེ་བ་ལ་དགོན་པའི་ དགེ་སློང་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

གསར་བསྒྲུབས་འབད་མི་ བསམ་སྡིངས་ཁའི་ལྕགས་ཟམ།
 ༣༡/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ སྤུ་ན་ཁ་ བསམ་སྡིངས་ཁ་ལུ་གསར་བསྒྲུབས་འབད་མི་ལྕགས་ཟམ་ འགོ་འབྱེད་འབད་མི་དེ་གིས་ མཐའ་ཟུར་གྱི་ ཆུ་སྦུག་རྒེད་འོག་དེ་ སྣུམ་འཁོར་ལམ་དང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།
ཟམ་དེ་གིས་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༡༡ ག་རའི་ནང་ སྣུམ་འཁོར་ལམ་གྱི་ཞབས་ཏོག་ བརྒྱ་ཆ་སྦེ་ གྲུབ་ཚུགས་ཡོདཔ་ཨིན་པས།

ཆུ་སྦུག་རྒེད་འོག་ནང་ སོ་ནམ་ཞིང་ལམ་བསལ་སྟེ་ ལོ་༡ ལྷགཔ་ཅིག་ ལང་ཡོདཔ་ཨིན་རུང་ རྒེད་འོག་གི་ གཡས་ཁ་ཐུག་ལས་ ཕོ་ཆུ་དང་ གཡོན་ཁ་ཐུག་ལས་ མོ་ཆུ་ཡོད་མི་ལུ་བརྟེན་ སྣུམ་འཁོར་གྱི་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ཡོདཔ་ད་ ཨིན་རུང་ ད་རེས་ བསམ་སྡིངས་ཁའི་ ཟམ་དེ་ལུ་བརྟེན་ རྒེད་འོག་གིས་ སྣུམ་འཁོར་གྱི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྱོད་ཚུགས་ནི་ཨིན་པས།
ཕོ་ཆུའི་གུ་ལས་རྐྱབ་མི་ བསམ་སྡིངས་ཁའི་ ལྕགས་ཟམ་དེ་ རིང་ཚད་ཕིཊ་༢༠༠ དང་ རྒྱ་ཚད་མི་ཊར་༣ ཡོད་པའི་ཁར་ ཟམ་གྱི་ལྗིད་ཚད་ མེ་ཊིག་ཊཱན་༢༤ འབག་ཚུགས་ནི་ཨིན་པས།
མ་གཞི་ བསམ་སྡིངས་ཁའི་ཟམ་དེ་ ན་ཧིང་ སྤྱི་ཟླ་༥ པའི་ནང་ གྲུབ་ནི་ཨིན་རུང་ ཟམ་དེ་ ཆུ་ནང་ བུད་སོ་ནི་དེ་གིས་ ལོ་༢ དེ་ཅིག་ དུས་ཚོད་ཕྱིས་ཡོདཔ་ད་ ཟམ་བུད་བའི་སྐབས་ལུ་ མི་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཟམ་གསར་བསྒྲུབས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གསུངས་མིའི་ནང་ མ་གཞི་ ཟམ་ལུ་བརྟེན་ མི་ལུ་ཤི་རྐྱེན་བྱུང་བའི་ཁར་ ཆུ་ནང་ལས་ ཟམ་གྱི་ཅ་ཆས་ཚུ་ ལོག་འཚོལ་བའི་སྐབས་ དཀའ་ངལ་སྦོམ་བྱུང་རུང་ ཟམ་རྐྱབ་ནིའི་ལཱ་དེ་ བཀོ་མ་བཞག་པར་ གཞུང་གིས་ མི་སེར་ཚུ་གི་འཐའ་དོན་ལུ་ ཐུགས་བཞེད་ལེགས་ཤོམ་གནང་སྟེ་ འཕྲོ་མཐུད་ རྐྱབ་གནང་ཡི་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཟམ་དེ་ལུ་བརྟེན་ རྒེད་འོག་གི་མི་ཚུ་གིས་ སོ་ནམ་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་སྟེ་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ རྒེད་འོག་གི་མི་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ སྒལ་ཏོ་ཁར་འབག་སྟེ་ བསམ་སྡིངས་ཁའི་ ཟམ་པ་ཚུན་ བསྐྱལ་བའི་སྐབས་ ཆུ་ཚོད་༢ དང་༣ དེ་རེ་ འགོར་ཡོདཔ་ཨིན་རུང་ ད་ལས་ཕར་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་ཚུགས་པའི་ གོ་སྐབས་བྱུང་ཡི་ཟེར་ མི་སེར་སོ་ནམ་པ་ཚུ་གིས་ སླབ་ཨིན་པས།
བསམ་སྡིངས་ཁའི་ ཟམ་གསརཔ་བསྒྲུབས་པའི་ ཉིནམ་ལས་ཚུར་ དེའི་ལྟག་ལུ་ཡོད་པའི་ རྐང་ཟམ་རྙིངམ་དེ་ ལག་ལེན་འཐབ་མི་དགོ་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ རྐང་ཟམ་དེ་ གཡུས་ཚན་གྱི་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་པས།
ཟམ་གསརཔ་དེ་གིས་ གཡུས་ཁའི་མི་ཚུ་མ་ཚད་ བསེ་བ་ལ་དགོན་པའི་ དགེ་སློང་༩༠ དེ་ཅིག་ལུ་ཡང་ ཁྱད་ཕན་སྦོམ་འབྱུང་ནི་ཨིནམ་ད་ དེ་ཡང་ དགོན་པའི་དོན་ལུ་ བདུན་ཕྲག་ཨ་རྟག་ར་ དངུལ་ཀྲམ་༢༠,༠༠༠ དེ་ཅིག་གནས་པའི་ ཚོད་བསྲེ་ཚུ་ ཉོ་ཚོང་རྐྱབ་པར་འོངམ་ད་ འཕྲུལ་གླང་གི་ གླ་འཐུས་དངུལ་ཀྲམ་༢,༠༠༠ དང་༣,༠༠༠ གྱི་བར་ན་སྤྲོད་དེ་ སྐྱེལ་འདྲེན་འབད་སྲོལ་ཡོད་མི་དེ་ ད་ལས་ཕར་ ཁོང་རའི་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་ཚུགས་ནི་མས་ཟེར་ཨིན་པས།
དགེ་སློང་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ དགོན་པའི་དོས་ཚུ་ བསམ་སྡིངས་ཁའི་ ཟམ་པ་ལས་ འཕྲུལ་གླང་གིས་ སྐྱེལ་འདྲེན་འབད་བའི་སྐབས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་མི་དེ་ ད་ལས་ཕར་ སྣུམ་འཁོར་ནང་ ཆུ་ཚོད་ཕྱེད་དེ་ཅིག་ནང་ སྐྱེལ་འདྲེན་ འབད་ཚུགས་ནི་མས་ཟེར་ཨིནམ་ད་ བསམ་སྡིངས་ཁ་ལས་ བསེ་བ་ལ་ཚུན་ རྐང་སྟོང་འབད་འགྱོ་བ་ཅིན་ ཉིནམ་༡ འགོརཝ་ཨིན་པས།
ཟམ་མ་གྲུབ་པའི་ཧེ་མ་ལས་ དགོན་པའི་དོན་ལུ་ སྣུམ་འཁོར་ཅིག་ ཉོ་སྒྲུབ་འབད་དེ་ བཞག་ཡོདཔ་ད་ ད་ལས་ཕར་ སྣུམ་འཁོར་དེ་ ལག་ལེན་འཐབ་ཚུགས་ནི་ཨིན་མི་ལུ་ སེམས་དགའ་ཡི་ཟེར་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
སྤུ་ན་ཁའི་རྫོང་བདག་ ཀུན་བཟང་ཨེན་ཚེ་རིང་གིས་ སླབ་མིའི་ནང་ འཆར་གཞི་༡༠ པའི་ གཙོ་རིམ་ངོ་མ་ འཁོར་ལམ་བསལ་ནི་དེ་ཨིན་རུང་ གལ་སྲིད་ ཟམ་མེད་པ་ཅིན་ འཁོར་ལམ་མཐུད་ནིའི་ གོ་སྐབས་མེདཔ་ལས་ ད་རེས་ ཟམ་གསར་བསྒྲུབས་ལུ་བརྟེན་ མི་སེར་ཚུ་གི་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
འགོ་འབྱེད་རྟེན་འབྲེལ་གྱི་སྐབས་ལུ་ ཞབས་ཏོག་བློན་པོ་ ཡེས་ཤེས་སྦྱིན་པ་གིས་གཙོས་པའི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་དང་ ཆེ་མཐོ་ཅན་གྱི་འཐུས་མི་ རྫོང་ཁག་དང་ རྒེད་འོག་གི་འགོ་དཔོན་ དེ་ལས་ མི་སེར་བརྒྱ་ལས་བཅད་དེ་འཛོམས་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment