གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུཚ་གི་ཕུངམ་ ཉིན་གྲངས་༦ གི་ཤུལ་ལས་ཐོབ་ཡོདཔ།

༢༦/༠༧/༢༠༡༢། ༉ མོང་སྒར་ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་ སློབ་ཕྲུག་བུཚ་ཅིག་ ཀུར་རི་ཆུ་གིས་ འཕྱགས་འབག་སྟེ་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ ཕུངམ་འཚོལ་ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ འཕྱགས་འབག་མི་ སློབ་ཕྲུག་བུཚ་དེ་ སྐྱེས་ལོ་༡༥ ལང་མིའི་ཕུངམ་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ལུ་ རྒྱལ་པོའི་ཞིང་ཁྲིམས་སྲུང་འགག་པ་དང་ ཚེ་འདས་ཀྱི་ནང་མི་ དེ་ལས་ ས་གནས་ཀྱི་ ཞི་གཡོགཔ་ དེ་ལས་ མི་སེར་ཚུ་གིས་ ཆུ་ནང་ལས་ བཏོན་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་བཟའ་ཞིནམ་ལས་ སློབ་དཔོན་ཚུ་ ཞལ་འཛོམས་ཡོད་མི་ལུ་བརྟེན་ སློབ་སྟོན་མེད་པར་ རང་སོའི་ཁྱིམ་ནང་ བཏང་བའི་ཤུལ་ལུ་ ཉིན་མའི་ཆུ་ཚོད་༢.༣༠ དེ་ཅིག་ལུ་ ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་༦ དང་ ཕྱི་ཁ་ལས་བུཚ་༢ རྩིས་ཏེ་ བུཚ་༨ ཀུར་རི་ཆུ་ནང་ རྩལ་རྐྱབ་པར་འགྱོ་བའི་སྐབས་བྱུང་ནུག།
སློབ་གྲྭའི་དབུ་འཛིན་ པདྨ་འཕྲིན་ལས་ཀྱིས་ ཀུན་གསལ་ལུ་ འདས་པའི་བདུན་ཕྲག་ནང་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་པོའི་ཞིང་ལུ་ དེ་བཟུམ་མའི་ རྐྱེན་ངན་དེ་ འདས་པའི་ལོ་ཚུ་ནང་ཡང་ བྱུང་ཡོདཔ་ལས་ ཆུའི་གནོད་ཉེན་ཡོད་ལུགས་ཀྱི་སྐོར་ སློབ་ཕྲུག་ཚུ་ལུ་ ཉེན་བརྡ་བྱིན་བཞིན་དུ་ཡོད་རུང་ འཕྲལ་གྱི་རྐྱེན་ངན་སྐབས་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་བཟའ་ཞིནམ་ལས་ ཁོང་རའི་ཁྱིམ་ནང་ བཏང་བའི་ཤུལ་ལུ་ བྱུང་ནུག་ཟེར་ཨིན་པས།
ཚེ་འདས་བུཚ་དེ་ མོང་སྒར་རྫོང་ཁག་བོ་རོག་གསར་རྒེད་འོག་ལས་ཨིནམ་ད་ ཚེ་འདས་ཀྱི་ ཨ་པ་དེ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ ཐབ་ཚངཔ་ཨིན་པས།
སྤྱི་ལོ་༡༩༩༨ ལས་ ད་རིས་ཚུན་ཚོད་ ཀུར་རི་ཆུ་ནང་ཐིམ་སྟེ་ མི་༨ ལུ་ ཤི་རྐྱེད་བྱུང་ཡོདཔ་ལས་ རྒྱལ་པོའི་ཞིང་ལུ་ སྡོད་མི་ཚུ་གིས་ དེ་བཟུམ་མའི་ རྐྱེན་ངན་མི་འབྱུང་ནིའི་དོན་ལུ་ རང་སོའི་ཨ་ལུ་ཚུ་ བདག་འཛིན་འབད་དགོཔ་ཨིན་ཟེར་ རྒན་ཤོས་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment