གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདུན་ཕྲག་ལས་བཅད་དེ་ ས་རུད་ཆད་མི་གིས་ ས་གནས་ཀྱི་མི་སེར་ལུ་ ཚ་གྱང་།

ས་རུད་ཀྱི་ས་ཁོངས་འདི་ བདུན་ཕྲག་༡ ནང་ར་ ས་རུད་དེ་ ཉེན་ཁ་ཅན་ཅིག་ལུ་ བཟོ་ཡོདཔ་ལས་ འགྲུལ་སྐྱོད་འབད་མི་ཚུ་གི་ཉེན་སྲུང་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉིནམ་ཨ་རྟག་ར་ ལམ་ལྟག་ལས་མར་ རྡོ་ཚུ་ བུད་མ་བུད་ཀྱི་ ལྟ་རྟོག་འབད་དགོཔ་ཨིན་མས།
ས་རུད་ཆད་སའི་སཁོངས
༣༡/༠༧/༢༠༡༢།༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆརཔ་ཤུགས་སྦེ་རྐྱབ་པའི་རྐྱེན་གྱིས་ ཕུན་ཚོགས་གླིང་དང་ དཔག་བསམ་ཁའི་བར་ནང་གི་ གཞུང་ལམ་བདའ་སྟེ་ བདུན་ཕྲག་༡ དེ་ཅིག་གི་རིང་ ས་རུད་ཆད་ནི་མེད་པར་ཐོན་མི་ལུ་བརྟེན་ བཟོ་གྲྭ་འཕྲུལ་ཁང་དང་ ས་གནས་ཀྱི་མི་སེར་ཚུ་ལུ་ ཚ་གྱང་ཕོག་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ ཁ་ཙ་ཡང་ ས་རུད་སྦོམ་སྦེ་ཆད་མི་གིས་ ལམ་གྱི་གནས་སྟངས་ ཧེང་བཀལ་ར་ སྐྱོ་དྲགས་བཟོ་ཡོདཔ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ཡང་ ཐོགས་ལུས་ཡོདཔ་མ་ཚད་ སློབ་གྲྭ་ནང་འགྱོ་མི་སློབ་ཕྲུག་ཚུ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ས་གནས་དེ་ཁར་ ལུས་ཡོདཔ་ཨིན་པས།

ས་གནས་དེ་ཁར་ ད་རེས་བཟུམ་སྦེ་ བདུན་ཕྲག་༡ གི་རིང་ འཕྲོ་མཐུད་དེ་ར་ ལམ་ལྟག་ལས་མར་ རྡོ་འབུད་འོང་ནི་དང་ ས་རུད་ཆད་ནི་ཚུ་ ཧེ་མ་ མ་བྱུང་ཟེར་བཤད་ཨིན་པས།
གླ་འཁོར་དེད་གཡོགཔ་ ཀརྨ་གྲུབ་ཅུ་གིས་སླབ་མིའི་ནང་ ཉིནམ་༢ དེ་ཅིག་གི་ཧེ་མར་ ཁོ་ས་གནས་དེ་ཁ་ལུ་ལྷོདཔ་ད་ ལམ་ལྟག་ལས་ རྡོ་འབུད་འོང་མི་གིས་ ཕོག་ནི་ར་ འབད་ཡི་ཟེར་ཨིནམ་ད་ གནམ་བྱཱར་ཆརཔ་གི་དུས་ཚོད་ མ་རྫོགས་ཚུན་ ས་གནས་དེ་ཁ་ གནས་སྟངས་སྐྱོ་དྲག་སྦེ་ར་ སྡོད་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ས་རུད་ཆད་སའི་ས་གནས་དེ་ བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ནང་མ་ལྷོདཔ་ཅིག་གི་ས་གནས་ཁར་ཨིནམ་ད་ ས་གནས་དེ་ཁའི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྡོ་འབུད་མི་དེ་ ལམ་ལྟག་གི་སྒང་ཏོག་གུ་ལས་མར་ཨིནམ་ལས་ བཀག་ཐབས་འབད་ནི་གི་ ཐབས་ཤེས་མིན་འདུག་ཟེར་ཨིན་པས།
ད་རུང་ བི་ཕཱལ་བཟོ་གྲྭ་འཕྲུལ་ཁང་ལས་སྡེའི་ སྦོ་ལོགས་ཁར་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༤ དེ་ཅིག་གི་ས་ཁར་ སྤྱི་ཟླ་༧ པའི་ཚེས༡༤ ལས་འགོ་བཙུགས་ ས་རུད་ཆད་དེ་ འཁོར་ལམ་ མེདཔ་བཏང་ཡོདཔ་མ་ཚད་ ལམ་ལྟག་ལས་རྡོ་འབུད་འོང་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ ལྟ་རྟོག་འབད་ཐོག་ལས་ སྣུམ་འཁོར་ཚུ་ དྲནམ་བཏོན་ཐོག་ལས་སྦེ་ བཏང་བཅུག་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཅིག་གིས་སླབ་མིའི་ནང་ ས་གནས་དེ་ཁར་ འདས་པའི་བདུན་ཕྲག་ནང་ སྣུམ་འཁོར་ ཨལ་ཊོ་ཅིག་གུར་ རྡོ་ཕོག་སྟེ་ མེདཔ་བཏང་ཡོདཔ་ཨིན་རུང་ དེད་གཡོག་ལུ་ གནོད་སྐྱོན་ མ་བྱུང་ཟེར་ཨིནམ་ད་ ཉེ་འདབས་ལུ་སྡོད་མི་ཚུ་གིས་འབད་བ་ཅིན་ ས་རུད་ཆད་སར་བལྟ་བ་ཅིན་ སྒང་ཏོག་དེ་ག་ར་ ཆད་འོང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
བསམ་འཕེལ་གླིང་རྒཔོ་ མ་ནི་ཀུ་མར་ རའི་གིས་སླབ་མིའི་ནང་ ས་རུད་ཆད་སའི་ ས་སྒོ་དེ་གི་ ལྟག་ལུ་ སེངྒེ་ད་ར་གཡུས་ཚན་དེ་ཡོདཔའི་ཁར་ གཡུས་སྒོ་དེ་ནང་གི་ ཁྱིམ་གུང་༢༤ ལུ་ ད་ལྟོ་གནོད་སྐྱོན་ག་ནི་ཡང་མ་བྱུང་ཟེར་ཨིན་པས།
གཡུས་སྒོའི་ ས་གནས་ཁག་ཚུ་ནང་ འགག་གྲམ་ཐོན་ཡོད་པའི་ཁར་ འགག་གྲམ་ཞུགས་མི་ཚུ་ནང་ལས་ ཆུ་ཐོན་དོ་ཡོདཔ་ལས་ འདི་བཟུམ་གྱི་ འགག་གྲམ་ཐོན་མི་དེ་ ས་རུད་ལུ་བརྟེན་ཨིན་ན་ ཡང་ཅིན་ ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
གནས་སྟངས་དེ་ལུ་བརྟེན་ བཟོ་གྲྭ་ཁང་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ས་གནས་ཀྱི་རྒཔོ་ཚུ་གིས་ འཛོམས་འདུ་རྐྱབ་ཐོག་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་འཛིན་ལུ་ གནས་སྐབས་ཀྱི་ཟམ་ཅིག་ རྐྱབ་དགོ་པའི་ ཞུ་བ་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
འཛོམས་འདུའི་གྲོས་བཅུད་ཀྱི་གནད་དོན་ཐོག་ལུ་ ཟམ་རྐྱབ་ནིའི་གྲོས་འཆར་དེ་ ད་རེས་ ཁྲོམ་སྡེ་ལས་འཛིན་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment