གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀུར་རི་ཆུ་གིས་ འཕྱགས་འབག་མི་ སློབ་ཕྲུག་གི་ཕུངམ་ འཚོལ་བའི་བསྒང་ཡོདཔ།

༢༡/༧/༢༠༡༢   ད་ཚུན་གྱི་བར་ན་ མི་༨ དེ་ཅིག་ ཀུར་རི་ཆུའི་ནང་ཐིམ་སྟེ་ ཤི་ཡོདཔ་ཨིན་པས།

༉ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ མོང་སྒར་ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་ སློབ་ཕྲུག་བུཚ་ཅིག་ ཀུར་རི་ཆུ་གིས་ འཕྱགས་འབག་མིའི་ཕུངམ་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
ཀུར་རི་ཆུ་གློག་མེའི་ཆུ་རྫིང་།


རྐྱེན་ངན་དེ་ཡང་ སློབ་ཕྲུག་ཚུ་ ཉིན་ལྟོ་བཟའ་ཞིནམ་ལས་ སློབ་དཔོན་ཚུ་གི་ ཞལ་འཛོམས་ཡོད་མི་ལུ་བརྟེན་ སློབ་སྟོན་མེད་པར་ ཁོང་རའི་ ཁྱིམ་ནང་བཏང་པའི་ཤུལ་ལས་ རྐྱེན་ངན་དེ་ ཉིན་མའི་ཆུ་ཚོད་༢.༣༠ དེ་ཅིག་ཁར་ བྱུང་ཡོད་པའི་སྐབས་ སློབ་གྲྭའི་སློབ་དཔོན་ཚུ་ ད་རིས་ སྤྲོད་ནི་ཨིན་མི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་གི་སྐོར་ལས་ ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ པདྨ་འཕྲིན་ལས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ རྒྱལ་པོའི་ཞིང་ལུ་ དེ་བཟུམ་མའི་ རྐྱེན་ངན་དེ་ འདས་པའི་ལོ་ཚུ་ནང་ཡང་ བྱུང་ཡོད་མི་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༡༩ གི་ཉིན་མར་ ལྟོ་བཟའ་ཞིནམ་ལས་ སློབ་ཕྲུག་ཚུ་ སློབ་ཁང་ནང་ འོང་མ་དགོཔ་འབད་སླབ་སྟེ་ རང་སོའི་ཁྱིམ་ནང་ མ་བཏང་པའི་ཧེ་མར་ ཀུར་རི་ཆུའི་མཐའ་མར་ མ་འགྱོ་ཟེར་ དམིགས་བསལ་གྱི་ ཁ་བཀོད་ཚུ་ བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ སློབ་གྲྭ་དེ་གི་ སློབ་ཕྲུག་༦ དང་ ཕྱི་ཁའི་བུཚ་གཞན་༢ ཀུར་རི་ཆུའི་ གཙང་ཆུ་ནང་ རྩལ་རྐྱབ་པར་སོང་ཡོདཔ་ལས་ མོང་སྒར་ས་གླིང་རྒེད་འོག་ བཱོག་གསར་གཡུས་ཚན་ལས་ སྐྱེས་ལོ་༡༥ ལང་མི་ བུཚ་དེ་ ཆུ་ནང་ཐིམ་སྟེ་ ཤི་སོ་ནུག་ཟེར་ དབུ་འཛིན་གྱིས་ བཤད་ཡོདཔ་ད་ ཚེ་འདས་ཀྱི་ ཨ་པ་དེ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ ཐབ་ཚངཔ་ཨིན་པས།
དབུ་འཛིན་པདྨ་འཕྲིན་ལས་ཀྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཀུར་རི་ཆུའི་ མཐའ་མར་འགྱོ་ནི་དེ་ ཉེན་ཁ་སྦོམ་ཡོདཔ་ལས་ སློབ་དཔོན་ཚུ་གིས་ ཁ་བཀོད་ཚུ་ བྱིན་དང་བྱིན་བཞིན་དུ་ཡོདཔ་མ་ཚད་ རྐྱེན་ངན་བྱུང་པའི་ ཉིན་མར་ཡང་ དྲན་གསོ་ནན་བསྐྱར་འབད་དེ་ སློབ་ཕྲུག་ཚུ་ ཁྱིམ་ནང་བཏང་ཡི་ཟེར་ཨིན་པས།
རྒྱལ་པོའི་ཞིང་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ཀུར་རི་ཆུ་གིས་ ལོ་རན་ཆད་མེད་པར་ ན་གཞོན་ཚུ་ འཕྱག་འབག་དོ་ཡོདཔ་མ་ཚད་ ཕུངམ་ཡང་ ཉིནམ་༢ དང་༣ གྱི་རྒྱབ་ཁ་ལས་རྐྱངམ་གཅིག་ འཚོལ་ཐོབ་ནི་ཡོད་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ བུཚ་དེ་གི་ཕུངམ་དེ་ ཀུར་རི་ཆུ་གློག་མེ་འཕྲུལ་ཁང་གི་ ཆུ་རྫིང་ནང་ ལྷོད་ཡོདཔ་འོང་ཟེར་ཨིན་རུང་ འཚོལ་མ་ཐོབ་ལས་ ད་ལྟོ་ རྒྱལ་པོའི་ཞིང་གི་ ཁྲིམ་སྲུང་འགག་པ་དང་ ནགས་ཚལ་ལས་བྱེདཔ་ སློབ་གྲྭའི་སློབ་དཔོན་ དེ་ལས་ ས་གནས་ཀྱི་ མི་སེར་ཚུ་གིས་ འཚོལ་བའི་བསྒང་ར་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༩༨ ལས་ ད་ལྟོ་ཚུན་གྱི་བར་ན་ མི་གྲངས་༨ དེ་ཅིག་ ཀུར་རི་ཆུ་ནང་ཐིམ་སྟེ་ ཤི་སོ་ཡི་ཟེར་ཨིནམ་ད་ དེ་ཡང་ དང་པ་ར་ རྒྱལ་པོའི་ཞིང་གི་ སློབ་གྲྭའི་སློབ་རིམ་༨ པའི་སློབ་ཕྲུག་༡ དང་ ས་གནས་ཀྱི་བུཚ་༡ དེ་ལས་ སྤྱི་ལོ་༢༠༠༤ ལུ་ སློབ་རིམ་༡༢ པའི་ སློབ་ཕྲུག་བུཚ་༡ དང་ ས་གནས་ཀྱི་བུཚ་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༧ ལུ་ སློབ་རིམ་༨ པའི་བུཚ་༡ ཆུ་ནང་བྱིངམ་སྟེ་ ཤི་སོ་ཡི་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ ཀུར་རི་ཆུ་གིས་ མི་གི་ ཚེ་སྲོག་ལེ་ཤ་ཅིག་ལུ་ བར་ཆད་བྱུང་མི་དེ་ཡང་ ཆུ་ནང་གི་ མཚོ་སྨནམ་གི་བུམོ་ ཉ་ཅིག་ལུ་ སྤྲུལ་སྡོད་མི་དེ་ ཉ་པ་ཅིག་གིས་ བསད་ཡོད་མི་ལུ་བརྟེན་ཨིནམ་སྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ དེ་གི་ རྐྱེན་ངན་བཟློག་ཐབས་ལུ་ སྤྱི་ལོ་༢༠༠༩ ལུ་ བྱང་ཆུབ་མཆོད་རྟེན་ཅིག་ཡང་ བཞེངས་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment