གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་དང་ རྩི་རང་གི་གཞུང་ལམ་ཁར་ ཟམ་༤ འགོ་འབྱེད།

༢༨/༠༧/༢༠༡༢། ༉ དབང་འདུས་ཕོ་བྲང་དང་ རྩི་རང་གི་ གཞུང་ལམ་བདའ་སྟེ་ ཟམ་གསརཔ་༤ བཟོ་སྐྲུན་འབད་མི་དེ་ ཁ་ཙ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ སྒོ་འབྱེད་གནངམ་དང་འབྲེལ་ སྣུམ་འཁོར་ཚུ་ཡང་ ལམ་འགྲུལ་འབད་ནི་འགོ་བཙུགས་ཅི།
ཟམ་༤ གི་གྲས་ལས་ དབང་འདུས་ཟམ་ལས་ ཀི་ལོ་མི་ཊར་༡༦ དེ་ཅིག་གི་ས་ཁར་ཡོད་མི་ རུ་རི་ཆུ་ཟམ་དེ་ རིང་ཚད་མི་ཊར་༣༠ དང་ རྒྱ་ཚད་མི་ཊར་༧ ཡོདཔ་ད་ ཟམ་དེ་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༡༣.༣༠༧ གྱི་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།
དེ་ལས་ ཇ་པཱན་གཞུང་གིས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༢༠༠ གི་ཐོག་ལས་དང་ བཟོ་སྐྲུན་གྱི་ལཱ་ཡང་ ཇ་པཱན་གྱི་ཁག་འབགཔ་ ཌའི་ནི་པོན་གྱིས་འབད་མི་ ནེ་ར་ཆུ་ཟམ་དེ་ རིང་ཚད་མི་ཊར་༤༠ དང་ རྒྱ་ཚད་མི་ཊར་༦ ཡོདཔ་ད་  ཁག་འབགཔ་གི་ ལས་འགུལ་འཛིན་སྐྱོང་པ་ ཏ་སུ་ཡ་ མ་མ་ད་གིས་ སླབ་མིའི་ནང་ ཟམ་གྱི་དོན་ལུ་ ཅ་ཆས་དང་ རྫས་སྦྱོར་ལ་ལུ་ཅིག་ ཇ་པཱན་ལས་ར་ འབག་འོང་ཡོདཔ་བཞིན་དུ་ ཟམ་གྱི་བཟོ་བཀོད་ཡང་ གཞུ་དབྱིབས་ཅན་སྦེ་ ཡོད་མི་དེ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
ད་རུང་ དབང་འདུས་ཟམ་ལས་ ཀི་ལོ་མི་ཊར་༥༥ དེ་ཅིག་གི་ ས་ཁར་ཡོད་མི་ མི་ཅི་ཁོ་ལའི་ ཟམ་གསརཔ་དེ་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༡༠.༢༠༤ གི་ཐོག་ལུ་རྐྱབ་ཡོདཔ་ད་ ཟམ་དེ་ལུ་ རིང་ཚད་མི་ཊར་༢༡  དང་ རྒྱ་ཚད་མི་ཊར་༧ ཡོདཔ་ད་ ཟམ་དེ་གཉིས་ཀྱི་ལཱ་ཚུ་ ཞབས་ཏོག་ལྷན་ཁག་ ལམ་སེལ་ལས་ཁུངས་ཀྱིས་ འབད་ཡོདཔ་ཨིན་པས།
ཟམ་ཚུ་གི་གྲས་ལས་མཇུག་ར་ རིང་ཚད་མི་ཊར་༥༠ དང་ རྒྱ་ཚད་མི་ཊར་༦ འབད་མི་ བུ་རི་ཆུ་ཟམ་དེ་ ཇ་པཱན་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༢༨༠ གི་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འབྲུག་གི་ ཁག་འབགཔ་ཚུ་གིས་རྐྱབ་མི་ ཟམ་༢ དང་ ཇ་པཱན་གཞུང་གིས་ རྐྱབ་མི་ལུ་ སྤུས་ཚད་དང་ བཟོ་བཀོད་ཀྱི་ ཁྱད་པར་སྦོམ་ཡོདཔ་ལས་ འབྲུག་པའི་ཁག་འབགཔ་དང་ བཟོ་རིག་འགོ་དཔོན་ཚུ་གིས་ ཁོང་གི་ལཱ་ཚུ་ དཔེ་བལྟ་དགོཔ་འདུག་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ཅོག་གཅིགཔ་ ལག་ལེན་འཐབ་རུང་ ལཱ་གི་སྤུད་ཚད་ལུ་ ཁྱད་པར་ཆགས་མི་དེ་ འབྲུག་གི་ཁག་འབགཔ་དང་ བཟོ་རིག་འགོ་དཔོན་ཚུ་ལུ་ ཟམ་རྐྱབ་ནིའི་ཉམས་མྱོང་ ལེགས་ཤོམ་མེད་པའི་ཁར་ ལཱ་དེ་ བརྩོན་ཤུགས་བསྐྱེད་དེ་ མ་འབད་བའི་སྐྱོན་ཨིན་ཟེར་ཨིནམ་ད་ དེ་ཡང་ ཁག་འབགཔ་ཚུ་གིས་ ལཱ་འབད་སའི་ས་ཁོངས་ནང་ ཉམས་མྱོང་ཅན་གྱི་ བཟོ་རིག་འགོ་དཔོན་བཞག་ནི་མེད་པའི་ཁར་ བཟོ་རིག་འགོ་དཔོན་ཚུ་གིས་ཡང་ ལཱ་འབད་སའི་ས་ཁོངས་ནང་ ལཱ་གི་གྲུབ་འབྲས་ལྟ་རྟོག་འབད་བར་ འགྱོ་ནི་མེད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༡ ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ ཇ་པཱན་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཟམ་༡༤ རྐྱབ་མི་ལུ་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༢ ལྷགཔ་ཅིག་ གནས་ཡོདཔ་ད་ ཇའི་ཀ་མཉམ་འབྲེལ་ལས་སྡེའི་ གནས་བཞུགས་སྐུ་ཚབ་ ཏོ་མོ་ཀི་ ནི་ཏ་གིས་ སླབ་མིའི་ནང་ ཇ་པཱན་གཞུང་ལས་ ཟམ་རྐྱབ་ནི་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ རྒྱབ་ཁབ་ཀྱི་ དབུལ་ཕོངས་ཀྱི་ དཀའ་ངལ་མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་བའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment