གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེམ་ དྭངས་གླིང་མཚོ་ སྐམ་དོ་ཡོདཔ།

༢༠/༧/༢༠༡༢    བཀྲིས་སྒང་ དྭངས་གླིང་མཚོ་དེ་ སྐམ་འགྱོ་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མེམ་དྭངས་གླིང་ལུ་ གསོལ་ཁ་ཕུལ་བ་འགྱོ་མི་ མཁའ་གླིང་གི་མི་སེར་ཚུ་དང་ བཀྲིས་སྒང་གྲྭ་ཚང་གི་ དགེ་སློང་ཚུ་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།།
འདས་པའི་ཟླཝ་ནང་ དགེ་སློང་ཅིག་གིས་ དྭངས་གླིང་མཚོའི་ མེམ་དྭངས་གླིང་ལུ་ གསོལ་ཁ་ཕུལ་བའི་བསྒང་།


མེམ་དྭངས་གླིང་ཟེར་མི་དེ་ མཚོ་ལྷ་ཅིག་ཨིནམ་བཞིན་དུ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ གྱེན་འཛེགས་འགྱོ་དགོ་མིའི་མཚོ་དེ་ ལོ་༢ དེ་ཅིག་གི་ཧེ་མ་ལས་ སྐམ་ནི་འགོ་བཙུགས་ཡོད་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་གིས་མཚོ་སྐམ་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་མེན་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
མཁའ་གླིང་རྒཔོ་བཀྲིས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཚོ་དེ་ གནམ་སོ་ཁ་ལུ་ཡང་ སྐམ་ནི་མེད་པ་ར་སྡོདཔ་ཨིན་རུང་ ན་ཧིང་འབད་བའི་བསྒང་ལས་ མཚོ་སྐམ་འགྱོ་སར་མཐོངམ་ད་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ མཚོ་ལུ་ གསོལ་ཁ་ཕུལ་བ་འགྱོ་བའི་སྐབས་ལུ་ མཚོ་ནང་ཆུ་ཨ་ཙི་ཅིག་ཡོདཔ་མཐོང་ནི་དེ་གིས་ གནས་སྟངས་ལེགས་ཤོམ་ལུ་འགྱུར་དེས་ཟེར་ཨིན་པས།
བཀྲིས་སྒང་དགྲ་ཚང་གི་དགེ་སློང་ པདྨ་གིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ མཚོ་དེ་སྐམ་ར་སྐམ་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་ དྭངས་གླིང་མཚོའི་གསོལ་ཁ་ཕུལ་བ་ ལོ་༤ གི་རིང་སོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་དང་པ་ མཚོ་ལྷ་དེ་ལུ་གསོལ་ཁ་ཕུལ་བར་འགྱོ་བའི་སྐབས་ གཏིང་ཚད་མི་ཊར་༡༤ དེ་ཅིག་ཡོདཔ་མ་ཚད་ རིང་ཚད་ མདའ་རྒྱང་གང་གི་རྩིས་འདུག་ཟེར་ཨིན་པས།
མཚོ་མཇལ་བ་འགྱོ་མི་ དགེ་སློང་པདྨ་དང་ གཞན་མི་ཚུ་གིས་ མཚོ་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ སྐམ་འགྱོ་དོ་ཡོདཔ་ཨིན་ན་ མ་ཤེས་རུང་ མཁའ་གླིང་གི་ མི་སེར་ཚུ་གིས་འབད་བ་ཅིན་ རླུང་འཚུབས་ལུ་བརྟེན་ཏེ་ གེ་ཟ་མེདཔ་བཏང་བའི་ཁར་ ཀེ་བ་དང་ གཞན་མི་ལོ་ཐོག་ཚུ་ འབུབ་ཀྱིས་མེདཔ་བཏང་དོ་ཡོདཔ་ལས་ དེ་ཚུ་ག་ར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ འོང་ཟེར་ཨིན་པས།
མཁའ་གླིང་ལས་ སྐྱེས་ལོ་༨༠ ལང་མི་ བསོད་ནམས་ཀྱིས་འབད་བ་ཅིན་ མཚོ་དེ་སྦེ་སྐམ་འགྱོ་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་མེན་ཟེར་མི་དེ་ཡང་ མཚོ་གི་ སྦོ་ལོགས་ཁར་ མི་ཚུ་གིས་ འཕྲོད་བསྟེན་དང་ ལྡན་ཏོག་ཏོ་སྦེ་ མ་བཞག་ནི་དེ་གིས་ མེམ་དྭངས་གླིང་དགོངས་ཁྲེལ་ཞུགས་དོ་འོང་ནི་མས་ཟེར་ཨིན་པས།
རྒཔོ་བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ ས་གནས་ནང་གི་ རྒས་ཤོསམ་ཚུ་གིས་སླབ་མི་དང་འཁྲིལཝ་ད་ དྭངས་གླིང་མཚོ་དེ་ ལོ་ངོ་༢༠ གི་ཧེ་མ་ཡང་ ཚར་ཅིག་སྐམ་སོ་ཡི་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་གི་ ནགས་ཚལ་འགོ་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ རྫོང་ཁག་གིས་ མཚོ་སྐམ་པའི་གནས་སྟངས་སྐོར་ལས་ ཧ་གོ་ཡོདཔ་ལས་ ཤུལ་མམ་གྱི་འཆར་གཞི་ནང་ལུ་ ལྟ་རྟོག་འབད་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment