གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཱ་ལུ་ཇོ་ར་ཟམ་གུ་ལས་ སྣུམ་འཁོར་ཆུང་བ་རྐྱངམ་གཅིག་ འགྱོ་བཅུག་དོ་ཡོདཔ།

༡༩/༧/༢༠༡༢   ༉ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ འདས་པའི་རེས་གཟའ་ཉི་མའི་ནུབ་མོར་ ཆུ་རུད་ཐོན་ཏེ་ བཱ་ལུ་ཇོ་རའི་རྩི་སའི་ཟམ་དེ་ དུམ་གྲ་ཅིག་ གཡོ་བཏང་པའི་ཤུལ་ལུ་ ཕུན་ཚོགས་གླིང་ལུ་ཡོད་མི་ ལམ་སེལ་ལས་ཁུངས་ཀྱིས་ དཔག་བསམ་ཁ་ལུ་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ཚུ་ ཉིནམ་༣ གྱི་རིང་ མཚམས་འཇོག་སྦེ་ བཞག་མི་དེ་ ཁ་ཙ་ཉིན་མ་ལས་ ཟམ་གུ་ལས་ འགྲུལ་བསྐྱོད་འབད་བཅུག་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ རིང་ཚད་མི་ཊར་༡༡༦ འབད་མི་ བཱ་ལུ་ཇོ་ར་རྩི་སའི་ཟམ་ གཡོ་བཏང་བའི་མཐོང་སྣང།
མི་ཚུ་གིས་ རང་སོའི་ཅ་ཆས་ཚུ་འབག་སྟེ་ དཔག་བསམ་ཁ་ལུ་ ལམ་འགྲུལ་འབད་བའི་བསྒང་།


དེ་འབདཝ་ད་ དོས་འབག་ནི་མེད་པའི་ སྣུམ་འཁོར་ཆུང་བ་དང་ བར་མ་ཚུ་རྐྱངམ་གཅིག་ འགྲོ་འགྲུལ་འབད་བཅུག་མི་དེ་ཡང་ ཟམ་གྱི་བཟོ་རིག་འགོ་དཔོན་དང་ ལམ་སེལ་ལས་ཁུངས་ཀྱི་ སྡེ་ཚན་གྱིས་ གཡོ་མི་ཟམ་དེ་གིས་ ཉིན་བསྟར་བཞིན་དུ་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ནང་ བཱ་ལུ་ཇོ་ར་ཟམ་བརྒྱུད་དེ་ རྒྱུ་ཆས་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཆེ་བ་མེད་པར་ ཆུང་བ་ཚུ་ འབག་ཐལ་ཚུགས་པའི་ ནུས་ཤུགས་ཡོདཔ་སྦེ་ གཏན་འཁེལ་བཟོ་མི་དང་འཁྲིལ་ཨིན་པས།
ཁ་ཙ་ བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ཟམ་དེ་ སྣུམ་འཁོར་ཆེ་བ་ཚུ་ འགྲོ་འགྲུལ་འབད་མི་ལུ་བརྟེན་མིན་པར་ ཆུ་རུད་ཀྱིས་ ཟམ་གྱི་གཞི་རྟེན་ཀཝ་ཅིག་གི་ དོང་སྤེད་བདའཝ་ལས་ ཟམ་སྦུག་གི་ ཆ་ཤས་ཅིག་ གཡོ་བཏང་ནུག་ཟེར་ཨིན་པས།
ཟམ་གྱི་བཟོ་རིག་འགོ་དཔོན་ བྱང་ཆུབ་ཀྱིས་ སླབ་མིའི་ནང་ ཆུ་རུད་ཀྱིས་ ཟམ་གྱི་རྨང་གཞི་ལུ་ གནོད་སྐྱོན་རྐྱབ་པའི་ཤུལ་ལས་ ཟམ་གྱི་གཞི་རྟེན་ཀཝ་༡༡ ཡོད་མི་ལས་ ཀཝ་༥ པ་དང་༦ པ་དེ་ བརྡིབས་སོང་ཡོད་རུང་ སྣུམ་འཁོར་ཆུང་བ་ཚུ་ འགྲོ་འགྲུལ་འབད་ཚུགས་ནི་མས་ཟེར་ཨིན་པས།
བཱ་ལུ་ཇོ་ར་ཟམ་གུ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཆེ་བ་དང་ བར་མ་༣༠༠ དེ་རེ་ འགྲོ་འགྲུལ་འབད་དོ་ཡོདཔ་ད་ སྣུམ་འཁོར་ཊཱག་སྦོམ་ཚུ་གིས་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ རྒྱུ་ཆས་མེ་ཊིག་ཊཱོན་༤༠ རེ་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༧ ལུ་རྐྱབ་སྟེ་ དཔག་བསམ་ཁ་དང་ ཕུན་ཚོགས་གླིང་གི་བར་ན་ འགོ་དང་པ་ སྦྲེལ་མཐུད་འབད་མི་ བཱ་ལུ་ཇོ་རའི་རྩི་སའི་ཟམ་ རིང་ཚད་མི་ཊར་༡༡༦ འབད་མི་དེ་ ད་རུང་ དེ་བཟུམ་མའི་ ཆུ་རུད་ཐོན་པ་ཅིན་ རམ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ རྨང་གཞི་ཚུ་ནང་ བྱེམ་དང་རྡོ་ཚུ་བླུགས་ཏེ་ ཟམ་གྱི་རྒྱབ་རྟེན་སྒྲིང་སྒྲིང་བཟོ་དགོཔ་འདུག་ཟེར་ བྱང་ཆུབ་ཀྱིས་ བཤདཔ་ཨིན་པས།

ས་གནས་དེ་ཁར་ སྡོད་མི་ཚུ་གིས་ རང་སོའི་སྣུམ་འཁོར་ཆུང་བ་ཚུ་ ཟམ་ཕར་ཁ་བཞག་སྟེ་ ཅ་ཆས་ཚུ་ འབག་ཐོག་ལས་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་དང་ ཁོང་རའི་ཁྱིམ་ཚུན་ ལམ་འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment