༢༢/༠༦/༢༠༡༢ ༉ ཁ་ཙ་དྲོ་པར་ སྤུ་ན་གཙང་ཆུ་བྲེས་མི་དེ་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་གི་ ལུང་གཤོང་ནང་ སྡོད་མི་ཚུ་གི་དོན་ལུ་ ཉ་བཟུང་ནི་དང་ ཉ་ཤི་མི་ཚུ་ བསྡུ་བསྒྱོམ་འབད་ནི་གི་ གོ་སྐབས་ཅིག་ཨིན་པས།
དེ་ཡང་ གཙང་ཆུ་བྲེས་མི་ལུ་བརྟེན་ ཉ་སྣུམ་འཁོར་ཊཱག་དོས་ལས་བཅད་དེ་ ཤི་རྐྱེན་བྱུངཡོདཔ་མ་ཚད་ ཉ་ཚུ་ གཙང་ཆུའི་མཐའ་མར་ཐོན་པའི་སྐབས་ མི་ཚུ་གིས་ ཙེའུ་འབག་སྟེ་ ཉ་བཟུང་བའི་ཁར་ ལ་ལུ་གིས་ ཉ་ཤི་མི་ཚུ་ བསྡུ་བསྒྱོམ་འབད་བའི་ མཐོང་གསལ་བྱུང་ཡི།
ཆུ་བྲེས་པའི་སྐབས་ གཙང་ཆུའི་མཐའ་མར་ བཏོན་བཞག་མི་ ཉ་ཤི་ཤིཝ་ཚུ་ མི་ཚུ་གིས་ བཟའ་ནིའི་དོན་ལུ་ ལག་ལེན་འཐབ་པའི་བསྒང་། |
དེ་བཟུམ་མའི་ རྐྱེན་ངན་བྱུངམ་ད་ མི་ཚུ་གིས་ ཉ་སྲོག་སྐྱབས་འབད་ནི་མིན་པར་ བཟུང་བཟའ་ནིའི་ གོ་སྐབས་ལེནམ་མས་ཟེར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་༢ པའི་ རང་བཞིན་གནས་སྟངས་སྲུང་སྐྱོབ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ བཤད་ཡོདཔ་ད་ ཁོ་གིས་ འགོ་ཁྲིད་འབད་དེ་ མི་༡༥ འབད་མི་ སྡེ་ཚན་ཅིག་གིས་ ཁ་ཙ་ཉིན་མར་ ཉ་སྟོང་ཕྲག་ལས་བཅད་དེ་ སྲོག་སྐྱབས་འབད་ཡོད་མིའི་གྲས་ལས་ ག་རམ་༥༠༠ དང་ ཀེ་ཇི་༡ གི་བར་ན་འབད་མི་ ཉ་༢༠༠ ལྷགཔ་ཅིག་བཟུང་སྟེ་ དབང་འདུས་རྫོང་ཕར་ཁའི་ དྭངས་ཆུ་ནང་ བཏང་ཡོདཔ་ཨིན་པས།
དེ་ལས་ ཉ་ཆུང་ཀུ་མཛུབ་མོ་དང་ དེ་བ་ཡང་ཆུང་མི་ གྱིབ་དོབ་༨ ལྷགཔ་ཅིག་ དྭངས་ཆུ་ནང་ བཏང་ཡོདཔ་ད་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གིས་ ཉ་ཆུང་ཀུ་ཚུ་ སྲོག་སྐྱབས་འབད་ནི་ལུ་ གཙོ་བོར་བཏོན་མི་དེ་ཡང་ མི་མང་ཤོས་ཅིག་གིས་ ཉ་སྦོམ་ཚུ་ བཟུང་ནི་ལུ་ སྤྲོ་བ་བསྐྱེད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ད་རུང་ རྫོང་ཁག་ནགས་ཚལ་སྡེ་ཚན་གྱིས་ཡང་ ཉ་སྦོམ་༡༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཡོདཔ་ད་ ཁོང་གིས་ གཙང་ཆུ་བྲེས་ས་མཐོངམ་ཅིག་ སྤུ་ན་གཙང་ཆུའི་ གཡས་གཡོན་གྱི་ མཐའམ་བདའ་སྟེ་ ཉ་བཟུང་མི་༤༠ དང་༥༠ གི་བར་ན་མཐོང་ཡོདཔ་ལས་ མི་ཚུ་ལུ་ ཉ་བཟུང་མ་ཆོག་པའི་སྐོར་ སླབ་པར་འགྱོཝ་ད་ ཁོང་ཆ་ཁྱབ་ བཟུང་ནི་མས་ཟེར་འདྲོག་སྟེ་ བྱོག་སོང་པའི་ཤུལ་ལུ་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
རྫོང་ཁག་དབག་སྐྱོང་གིས་ཡང་ དྲོ་པ་ལས་ ཉ་སྲོག་སྐྱབས་འབད་ནི་ལུ་ ཤུགས་བཏོན་པའི་ཁར་ ཉ་ཤི་མི་བཟའ་བ་ཅིན་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་དང་ ནད་གཞི་ཡང་ འཐོབ་ནི་གི་ ཉེན་ཁ་ཡོད་པའི་སྐོར་ མི་ཚུ་ལུ་ གོ་བརྡ་སྤྲོད་ནུག།
དབང་འདུས་བ་འཇོ་ལུ་ཡོད་མི་ ཇེ་ཌི་སྒེར་གྱི་ བཟོ་སྐྲུན་ལས་སྡེ་གིས་ཡང་ ཉ་མང་རབས་ཅིག་བཟུང་སྟེ་ ལས་སྡེའི་ཟ་ཁང་གི་གདོང་ཁར་ཡོད་པའི་ ཆུ་རྩལ་རྐྱབ་སའི་ རྫིང་ནང་བཏང་ཐོག་ལས་ སྲོག་སྐྱབས་འབད་ཡོདཔ་ད་ ཉ་དེ་ཚུ་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ལོག་གཙང་ཆུ་ནང་ གཏང་ནི་ཨིན་པས།
གཙང་ཆུ་བྲེས་མི་དེ་ མོ་ཆུའི་རྐ་ལས་ ཆུ་རུད་ཐོན་མི་ལུ་བརྟེན་ཨིནམ་བཞིན་དུ་ གནམ་འབྱ་ཨ་རྟག་ར་ གཙང་ཆུ་དི་བྲེས་ནི་ཡོད་ཟེར་ དབང་འདུས་ཕོ་བྲང་གི་ ཆུ་རུད་ཉེན་བརྡའི་ འཕྲུལ་རིག་ལྟ་རྟོག་པ་ དབང་འདུས་ཀྱིས་ སླབ་པའི་ཁར་ གནམ་འབྱ་ལུ་ གཙང་ཆུའི་ཚད་གཞི་དེ་ མི་ཊར་༣ ལས་ལྷག་དེ་ བྲེས་ནི་ཡོད་ཟེར་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment