རྐང་འགྲུལ་པའི་ཉིནམ་གིས་ ཕྱིར་ཚོང་འཐབ་མི་དང་ དོས་སྐྱེལ་སྣུམ་འཁོར་ཚུ་ལུ་བར་ཆད། |
དེ་ཡང་ སྒེར་གྱི་སྣུམ་འཁོར་དང་ སྣུམ་འཁོར་ཊག་ཚུ་ པིན་ཆི་ན་སྒོ་ར་ལས་ གཏང་ནི་མེདཔ་ད་ པིན་ཆི་ན་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ བདེ་བ་ཐང་ལུ་འགྱོ་སའི་ ཀི་ལོ་མི་ཊར་༤ གི་ས་ཁར་ཨིན་པས།
གླ་འཁོར་བཏང་མི་ཚུ་གིས་ ཨ་རྟག་འབད་བ་ཅིན་ འགྲུལ་པ་ཚུ་ འཐོབ་ནི་མེད་རུང་ ཁ་ཙ་ སྒེར་འཁོར་ཚུ་ པིན་ཆི་ན་སྒོ་རའི་ སྦོ་ལོགས་ཁར་ བཀག་བཞག་མི་ལུ་བརྟེན་ པིན་ཆི་ན་ལས་ བསམ་གྲུབ་ལྗོངས་མཁར་ལུ་འགྱོ་མི་ འགྲུལ་པ་ཚུ་ ཐོབ་ཡོདཔ་ཨིན་པས།
ཨིན་རུང་ བཟོ་གྲྭ་འཕྲུལ་ཁང་ནང་ ཨ་རྟག་ར་ ཕྱིར་ཚོང་དང་ ནང་འདྲེན་འབད་དགོ་མི་ལུ་བརྟེན་ རྐང་འགྲུལ་པའི་ཉིནམ་དེ་གིས་ གནོད་པ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིནམ་དེ་ལུ་བརྟེན་ འབྲུག་ས་གཏེར་ལས་འཛིན་གྱིས་ རྡོ་དཀར་ཇིབ་སམ་ཕྱིར་ཚོང་འཐབ་ནི་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས།
འབྲུག་ས་གཏེར་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ལས་འཕྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ གཞུང་གི་ཁ་ཐུག་ལས་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིནམ་སྦེ་ བརྩི་སྲུང་འབད་མི་དེ་ལུ་ མ་བཏུབ་མེད་རུང་ གཙོ་བོ་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འཛིན་གྱི་ཁ་ཐུག་ལས་ རྒྱ་གར་རྒྱལ་ཁབ་ནང་ ཉིནམ་རེ་ལུ་ ཇིབ་སམ་ཊག་༤༠ དེ་རེ་ གཏང་ནི་གི་ ལས་རིམ་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ལས་རིམ་བཟོ་མི་དང་འཁྲིལ་ཏེ་ ཇིབ་སམ་ཚུ་ སྐྱེལ་མ་ཚུགས་པ་ཅིན་ ཁོང་ལུ་ ཉེས་ཆད་བཀལ་ནིའི་ ཁ་ཚིག་བཟོ་སྟེ་ཡོད་ཟེར་ཨིན་པས།
ཇིབ་སམ་ཚུ་ རྒྱ་གར་ལུ་ དུས་ཚོད་ཁར་ མ་ལྷོད་པ་ཅིན་ ལྗིད་ཚད་ཝེ་གཱོན་རེ་ལུ་ ཉེས་ཆད་དངུལ་ཀྲམ་༧,༠༠༠ རེ་ སྤྲོད་དགོ་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་དེ་གིས་ ལས་འཛིན་ལུ་ བྱ་སྟབས་མ་བདེ་བའི་སྐོར་ལས་ རྫོང་ཁག་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ གསལ་ཞུ་འབད་ཡི་ཟེར་ འབྲུག་ས་གཏེར་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ལས་འཕྲོ་གིས་ སླབ་ཨིན་པས།
དེ་མ་ཚད་ ཇིབ་སམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཏཱག་གི་ ཇོ་བདག་ཚུ་གིས་ཡང་ རྐང་འགྲུལ་པའི་ཉིནམ་དེ་གིས་ ཁོང་གི་ འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ འཕྲིན་ལས་དབང་འདུས་ཀྱིས་འབད་བ་ཅིན་ ཁོང་གི་འབབ་ཁུངས་དེ་ གཙོ་བོ་ར་ སྣུམ་འཁོར་ཏཱག་ཚུ་གིས་ ཇིབ་སམ་ག་དེམ་ཅིག་ སྐྱེལ་འདྲེན་འབད་ཚུགས་མི་དང་འཁྲིལ་ཏེ་ ཐོབ་ཨིན་ཟེར་ཨིན་པས།
ཉིནམ་རེ་ལུ་ སྣུམ་འཁོར་ཊཱག་རེ་གིས་ འོང་འབབ་དངུལ་ཀྲམ་༥,༠༠༠ ཐོབ་དོ་ཡོདཔ་ལས་ ཟླཝ་༡ ནང་ རེས་གཟའ་ལྷག་པ་ཚར་༤ རྩིསཝ་ད་ དངུལ་ཀྲམ་༢༠,༠༠༠ གྱོང་རྒུད་ཕོག་མི་དེ་གིས་ སྣུམ་འཁོར་གྱི་ སྐྱིན་འགྲུལ་བཏབ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ འཕྲིན་ལས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་གི་ ཞལ་འཛོམས་ཅིག་ནང་ གྲོས་བསྟུན་འབད་ཡོདཔ་ཨིན་རུང་ རེས་གཟའ་ལྷག་པ་ལུ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཆོགཔ་སྦེ་ར་ཨིན་ཟེར་ བསམ་གྲུབ་ལྗོངས་མཁར་གྱི་རྫོང་བདག་ ཕུརཔ་ཚེ་རིང་གིས་བཤདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment