ཐིམ་ཕུ་ལྕང་འབངས་འབྲུ་ལུ་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོད་པའི་མཐོང་སྣང་། |
སྤྱི་ལོ་༢༠༡༠ ལུ་ ད་ལྟོའི་འཁོར་ལམ་ལས་རྦོལ་རིལ་འོང་མི་ རྡོ་ཚུ་བལྟ་སྡོད་ཡོདཔ་ད་ དུས་ཚོད་འ་ནེམ་གཅིག་ཁར་ ཆར་ཆུའི་དུས་ཚོད་འབད་ནི་དེ་གིས་ ས་ཁོངས་ནང་སྡོད་མི་ཚུ་ འདམ་ཚང་གི་རྐང་ལམ་ ལག་ལེན་འཐབ་དགོ་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཅན་ལུ་གྱུར་ཡོདཔ་ཨིན་པས།
ས་གནས་དེ་ནང་ སྡོད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དཀའ་ངལ་དེ་གི་སྐོར་ལས་ ཁོང་གིས་ ཁྲོམ་དཔོན་ཡིག་ཚང་ནང་ ལན་ཐེངས་མང་རབས་ཅིག་སོང་རུང་ གཞུང་དང་ ཁག་འབག་གཉིས་ཆ་ར་གིས་ ཁོང་གི་དཀའ་ངལ་སྐོར་ལས་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་དེ་ནང་ སྡོད་མི་ཚུ་གི་ ཨ་ལུ་སློབ་གྲྭ་ནང་འགྱོ་མི་ལེ་ཤ་ཡོདཔ་ལས་ གནམ་བྱཱར་ཆརཔ་རྐྱབ་ད་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཨིན་པས།
ད་ལྟོ་ བཟོ་སྐྲུན་གྱི་ལཱ་མཇུག་མ་བསྡུ་བར་ ཡོད་མི་འཁོར་ལམ་དེ་ ལྕང་འབངས་འབྲུ་སློབ་གྲྭའི་རྩ་བ་ལས་འགོ་བཙུགས་ཡོད་པའི་ཁར་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ འབྲུག་གཞུང་མཉམ་འབྲེལ་ཐོག་ལས་སྦེ་ ཟད་འགྲོ་བཏང་མིའི་ནང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ བརྒྱ་ཆ་༧༩ དང་ ལྷག་ལུས་ གཞུང་གིས་གནང་དོ་ཡོདཔ་ཨིན་པས།
ཁོ་གིས་ འཁོར་ལམ་དེ་གྱེན་ཡོད་པའི་ཁར་ སྣུམ་འཁོར་སྦོམ་ཚུ་གིས་ བཟོ་སྐྲུན་གྱི་ཅ་ཆས་སྐྱེལ་འདྲེན་འབད་མི་ལུ་བརྟེན་ ལམ་དེ་ཧེང་སྐལ་ར་ ཉེན་ཁ་ཅན་ལུ་གྱུར་ཡོདཔ་ལས་ ཁག་འབགཔ་དང་འཆར་གཞི་བཟོ་མི་ཚུ་གིས་ གནས་སྐབས་ཀྱི་དོན་ལུ་ ཐབས་ལམ་ཅིག་བཏོན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ ལས་འགུལ་འགོ་དཔོན་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་དེ་གི་དོན་ལུ་ མ་དངུལ་ལོགས་སུ་བཞག་སྟེ་མེདཔ་ལས་ ལཱ་དེ་ཡུན་འགྱངས་འབད་ལུས་སོ་ཡི་ཟེར་ཨིན་པས།
བཟོ་སྐྲུན་དེ་གི་དོན་ལུ་ རིན་བསྡུར་འབད་ཡོདཔ་ལས་ མཐར་འཁྱོལ་འགྱོ་བ་ཅིན་ སྤྱི་ཟླ་༡༠ པ་ལས་ ལཱ་ལོག་འགོ་བཙུག་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ལྕང་འབངས་འབྲུ་སློབ་གྲྭ་ཆུང་བའི་ སློབ་དབུ་འཛིན་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་མཇུག་མ་བསྡུ་བར་བཞག་མི་ལུ་བརྟེན་ སྣུམ་འཁོར་སྦོམ་ཚུ་གིས་ བཟོ་སྐྲུན་གྱི་ཅ་ཆས་སྐྱེལ་འདྲེན་འབདཝ་ད་ ལམ་འོག་ལུ་ཡོད་པའི་ ཆུ་གཡུར་དང་ བཙོག་གཡུར་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།
གཡུར་བའི་བཙོག་ཆུ་ཚུ་ ལམ་ཁར་ཐོན་འགྱོ་དོ་ཡོདཔ་ལས་ སློབ་ཕྲུག་ཨ་ལུ་ཚུ་ ལམ་དེ་ཁ་ལས་འགྱོ་དགོ་ནི་དེ་གིས་ འཕྲོད་བསྟེན་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་ བུ་དར་གྱིས་བཤད་དོ་བཟུམ་འབད་བ་ཅིན་ ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ ཁང་གླ་ཁར་སྡོད་མི་ཚུ་ག་ར་ ཡིད་བསུན་པའི་གནད་ལུ་གྱུར་ནུག་ཟེར་ བཤད་ཡོད་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment