ཉ་ལེ་ཤ་བཟུང་དོ་ཡོད་མི་ དབང་འདུས་གཙང་ཆུ། |
འཛིན་བཟུང་འབད་མི་རེ་ལུ་ ཉེས་ཆད་དངུལ་ཀྲམ་༥,༠༠༠ རེ་བཀལ་ཡོདཔ་ད་ དབང་འདུས་ལུང་ཕྱོགས་ཀྱི་ མངའ་སྡེའི་ནགས་ཚལ་འགོ་དཔོན་ བཙོན་སྐྱོགས་དོན་གྲུབ་ཀྱིས་འབད་བ་ཅིན་ ཉེས་ཆད་དེ་ ནགས་ཚལ་དང་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་བསྟུན་ཏེ་ བཀལ་ཡི་ཟེར་ཨིན་པས།
མ་གཞི་ ས་གནས་དེ་ ཉ་བཟུང་མ་ཆོག་པའི་ ས་ཁོངས་ཨིནམ་ལས་ ཉེས་ཆད་སྦོམ་བཀལ་དགོ་ནི་ཨིན་རུང་ ལས་མི་ཚུ་གིས་ ཉ་བཟུང་མ་ཆོག་པའི་སྐོར་ལས་ མ་ཤེས་ན་དེ་གིས་ ཉེས་ཆད་མཐོ་སུ་སྦེ་ མ་བཀལ་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་མནོ་བསམ་ལུ་ འབྲུག་རྒྱལ་ཁབ་ནང་ཡང་ རྒྱ་གར་བཟུམ་སྦེ་ ཉ་བཟུང་ཆོག་པའི་ སྣང་བ་ཤར་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤུ་ན་ཁའི་ རྫོང་ལས་མར་བཅད་ རྐ་མེད་ཆུ་ཚུན་ ཉ་བཟུང་མ་ཆོག་པའི་ ས་ཁོངས་ཨིནམ་ལས་ ཉེས་ཆད་དེ་ དངུལ་ཀྲམ་༥,༠༠༠ དང་༥༠,༠༠༠ གི་བར་ན་ བཀལ་དགོཔ་ཨིན་རུང་ ད་ཚུན་གྱི་བར་ན་ དངུལ་ཀྲམ་༥༠,༠༠༠ སྦེ་ ཚར་གཅིག་ཡང་ མ་བཀལ་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཉ་བཟུང་མི་ མང་ཤོས་ར་ དམག་མི་ཚུ་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ དམག་མི་ཚུ་གིས་ སྡེ་ཚན་འབད་འོང་སྟེ་ ཉ་བཟུང་ཞིནམ་ལས་ བྱོག་འགྱོ་ནི་དེ་གིས་ བཟུང་མི་ཚུགས་པས་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ མི་མང་ནི་དེ་གིས་ ལ་ལུ་ཅིག་ ཉ་བཟུང་བའི་སྐབས་ ལ་ལུ་ཅིག་ བྱ་བལྟ་མི་སྦེ་སྡོད་ནི་དེ་གིས་ ནགས་ཚལ་འགོ་དཔོན་ཚུ་ འོང་སར་མཐོངམ་ད་ བྱོག་འགྱོཝ་མས་ཟེར་ཨིན་པས།
དེའི་ཤུལ་ལས་ར་ སློབ་ཕྲུག་དང་ དབང་འདུས་རྫོང་ཉམས་བཅོས་ཀྱི་ ལཱ་འབད་མི་ཚུ་ཨིན་ཟེར་ཨིནམ་ད་ དེ་ཡང་ ནགས་ཚལ་འགོ་དཔོན་ བཙན་སྐྱོགས་དོན་གྲུབ་ཀྱིས་འབད་བ་ཅིན་ ཉམས་བཅོས་ལཱ་འབད་མི་ཚུ་གིས་ ཉིན་མ་ཡང་ ཉ་བཟུང་བའི་དོགས་པ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལས་མི་ཚུ་གིས་ གོ་ལ་འཁྱུ་དོ་བཟུམ་བཟོ་སྟེ་ ཉ་བཟུང་བའི་སྐོར་ལས་ སྙན་ཞུ་འཕྲལ་འཕྲལ་ར་ ལྷོད་ནི་ཡོད་ཟེར་ཨིན་པས།
གཙང་ཆུ་དེ་ནང་ ཀེཊ་ལས་དང་ ཨ་ས་ཟེར་མི་ ཉ་རིགས་༢ ཡོདཔ་ད་ དེ་ལས་ དབང་འདུས་རྫོང་ཕར་ཁའི་ ཆུ་ཆུང་ཀུ་ནང་འབད་བ་ཅིན་ དཀོན་དྲགས་ཅན་གྱི་ཉ་རིགས་ ཊ་འུཊ་ཟེར་མི་དེ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ ཉ་དེ་བཟུང་ནི་ལུ་ དཔའ་བཅམ་མས་ཟེར་ཨིན་པས།
དེ་ལས་ ཉ་བཟུང་སའི་ ས་ཁོངས་གཞན་ཡང་ རྐ་མེད་ཆུ་ནང་ཨིནམ་ད་ ས་ཁོངས་དེ་ མི་དབང་སྐུ་འཁོར་ཚུ་གི་ ཉ་བཟུང་སའི་ ས་གནས་ཨིནམ་ལས་ དུས་རྒྱུན་དུ་ སྲུང་སྐྱོབ་འབད་མི་ཡོདཔ་ད་ དེ་ལས་ ཕོབ་སྦྱིས་ལུ་འབད་བ་ཅིན་ ཁྲུང་ཁྲུང་སྐེ་ནག་འཁྱམས་སའི་ ས་ཁོངས་ནང་ཡང་ ཉ་བཟུང་མི་ཐོན་དོ་ཡོདཔ་ད་ དུས་ཅི་ར་ ཉ་བཟུང་མི་༢ འཛིན་བཟུང་འབད་ཡོདཔ་ད་ ན་ཧིང་འབད་བ་ཅིན་ མི་༨ བཟུང་ཡི་ཟེར་ དེ་ཁའི་ ནགས་ཚལ་སྲུང་རྒྱབ་ དམ་པའི་ཆོས་བཟང་གིས་ སླབ་ཡོདཔ་ཨིན།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པ་ ས་གནས་ཚུ་ནང་ མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ ཉ་བཟུང་མི་ལེ་ཤ་ཐོན་དོ་ཡོད་རུང་ སྲུང་སྐྱོབ་འབད་མི་ ནགས་ཚལ་འགོ་དཔོན་༧ གྱི་གྲས་ལས་༥ ཨམ་སྲུ་ཨིནམ་ལས་ ས་གནས་ག་རའི་ནང་ ཁྱབ་མ་ཚུགས་པའི་ དཀའ་ངལ་ཐོན་མས་ཟེར་ ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment