སྣུམ་འཁོར་ཊཱག་ཚུ་ དོས་ཚད་འཇལ་ནིའི་དོན་ལུ་ ལྗིད་འཇལ་ཟམ་ཁ་ཐུག་ལུ་ གྱལ་བསྣར་ཏེ་འགྱོ་བའི་བསྒང་། |
དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཕུན་ཚོགས་གླིང་ལས་ སྤུ་ན་ཁ་གིས་གཙོས་པའི་ རྫོང་ཁག་གཞན་ཚུ་ནང་དང་ དཔག་བསམ་ཁ་བཟོ་གྲྭའི་ ས་ཁོངས་ཚུ་ནང་ དོས་འབག་འགྱོ་མི་ སྣུམ་འཁོར་ཊཱག་ཚུ་ དོས་དང་སྦྲགས་ ལྗིད་ཚད་ངེས་པར་དུ་འཇལ་དགོཔ་ བཟོ་མི་ལུ་བརྟེན་ ཉིན་མར་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ལུ་ ལྷན་ཐབས་འབད་དེ་ ཧིང་སྐལ་བཟོཝ་མས་ཟེར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
ལྗིད་འཇལ་ཟམ་དེ་ ཕུན་ཚོགས་གླིང་དང་ ཐིམ་ཕུའི་གཞུང་ལམ་བདའ་སྟེ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་འོག་ལུ་ཡོདཔ་ད་ དོས་ཚད་ཀྱི་ ལྗིད་ཚད་དེ་ དྲོ་པའི་ཆུ་ཚོད་༦ ལས་༡༡ ཚུན་དང་ ཕྱི་རུའི་ཆུ་ཚོད་༤ ལས་༩ ཚུན་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ འགྱོ་བའི་དུས་ཚོད་དང་ ལས་གཡོགཔ་ཚུ་ ཡིག་ཚང་ནང་འགྱོ་བའི་སྐབས་དང་ ཕྱི་རུ་ ཡིག་ཚང་ལས་ ཁྱིམ་ནང་ལོག་འོང་བའི་ དུས་ཚོད་ནང་ འཇལ་མི་ལུ་བརྟེན་ འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་སྦོམ་བྱུང་དོ་ཡོདཔ་ཨིན་པས།
མ་གཞི་ ཕུན་ཚོགས་གླིང་དྲུང་ཁག་གིས་ སྣུམ་འཁོར་ཚུ་གི་ དོས་ཚད་འཇལ་མི་ ལྗིད་འཇལ་ཟམ་དེ་ ད་ལྟོའི་ས་ཁོངས་ལས་ ག་དེ་མགྱོགས་མགྱོགས་ སྤོ་བཤུད་འབད་དགོཔ་འདུག་ཟེར་ འཆར་སྣང་བཀོདཔ་ཨིན་རུང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ དུས་ཅི་སྤོ་བཤུད་འབད་མི་ཚུགས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ལྗིད་འཇལ་ཟམ་དེ་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཅ་དམ་ཡིག་ཚང་གིས་ གཞི་བཙུགས་འབད་མི་དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་ཊཱག་ཚུ་ དོས་ཚད་ལས་བརྒལ་འབག་ནི་ལས་ བཀག་འཛིན་འབད་ཐབས་ལུ་ སྣུམ་འཁོར་ཊཱག་ཆ་མཉམ་ར་ ལྗིད་ཟམ་གུ་ལས་ འགྱོ་ཐོག་ལས་ གློག་རིག་ཀམ་པུས་ཊར་གྱིས་ ལྗིད་ཚད་ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ལྗིད་ཚད་བལྟ་མི་ ས་གོའི་ཡིག་ཚང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དོས་ཀྱི་ལྗིད་ཚད་འཇལ་ནིའི་དོན་ལུ་ ཧེ་མར་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཊཱག་༡༢༠ དེ་རེ་ འོང་ནི་ཡོད་མི་ལས་ ད་རེས་ནངས་པ་ ཊཱག་༣༥༠ དེ་ཅིག་ལུ་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ ལྗིད་ཚད་འཇལཝ་ད་ དོས་འབག་མི་ ཊཱག་རེ་ལུ་ གླ་འཐུས་དངུལ་ཀྲམ་༢༠ རེ་དང་ དོས་མེད་མི་ལུ་ དངུལ་ཀྲམ་༡༠ རེ་ ལེན་དོ་ཡོདཔ་ཨིན་པས།
ལྗིད་ཚད་འཇལ་བར་འོང་མི་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་འགྱོ་མིའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ ཧ་མ་གོ་ཟེར་ འགོ་དཔོན་དེ་གིས་ བཤད་པའི་ཁར་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིན་མར་ སྟབས་གཅིག་གུ་ ཊཱག་༣༠༠ དེ་ཅིག་འོངམ་ད་ ཧེང་སྐལ་ར་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ ཅ་དམ་གྱི་ འགན་ཁུར་དེ་ ཊཱག་གི་ལྗིད་ཚད་འཇལ་ནི་རྐྱངམ་གཅིག་ཨིནམ་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཊཱག་ཚུ་གིས་ དོས་ཚུ་ འོས་ལྡན་གྱི་ ལྗིད་ཚད་ཐོག་ འབག་ཡོད་མེད་ཞིབ་དཔྱད་འབད་དོ་ཟེར་ཨིན་པས།
སྤྱི་ཟླ་༦ པའི་སྔ་ཆ་ལུ་ དྲུང་ཁང་གི་ ཚོགས་ཆུང་གི་ ཞལ་འཛོམས་ཅིག་ནང་ ཅ་དམ་འགོ་དཔོན་ཚུ་ལུ་ ཁྲོམ་ཁར་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་མར་ཕབ་འབད་ནིའི་དོན་ལུ་ ལྗིད་ཟམ་དེ་ དུས་ཡུན་ཟླཝ་༣ གྱི་ནང་འཁོད་ལུ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་མི་དེ་ཡང་ དོས་ལྗིད་ཚད་འཇལ་ནིའི་དོན་ལུ་ སྣུམ་འཁོར་ཊཱག་ཚུ་ གྱལ་བསྣར་ཏེ་ སྒུག་དགོ་ནི་དེ་གིས་ ལམ་བཀག་སྟེ་ འགྲུལ་བསྐྱོད་འབད་ནི་ལུ་ བར་ཆད་རྐྱབ་ནི་དེ་གིས་ཨིན་པས།
ད་རུང་ དྲུང་ཁག་བདག་སྐྱོང་གིས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ལྗིད་འཇལ་ཟམ་གསརཔ་རྐྱབ་ནིའི་དོན་ལུ་ ས་ཁོངས་ཅིག་ བགོ་སྤྲོད་འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཁྲོམ་སྡེ་གིས་ཡང་ ད་ལྟོ་ སྣུམ་འཁོར་ཊཱག་ཚུ་བཞག་ས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཨོ་མོ་ཆུ་དང་ ཨ་མོ་ཆུ་འཛོམས་སའི་ སྦོ་ལོགས་ཁར་ ལྗིད་འཇལ་ཚད་ཟམ་གསརཔ་རྐྱབ་ནི་གི་ ས་ཁོངས་ཅིག་ ངོས་འཛིན་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment