གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་བ་བརྡ་སྤྲོད་འབད་མི་ལུ་ ངོས་ལེན་ཆུང་སུ།

ཤར་ཕྱོགས་ལུ་ ཆང་འཐུང་ནི་དེ་ ལམ་སྲོལ་བཟུམ་ཅིག་ཨིནམ་ལས་ ཆང་བཀག་འཛིན་གྱི་ གོ་བ་བརྡ་སྤྲོད་འབད་རུང་ ཕན་ཁྱད་གངམ་མི་བྱུང་དོ་ཡོདཔ་ཨིན་པས།

འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ལས་བྱེདཔ་ཚུ་དང་ གསོ་བའི་ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ མོང་སྒར་ཁྲོམ་བདའ་སྟེ་ ཆང་དང་སྨྱོ་རྫས་བཀག་འཛིན་གྱི་ གོ་བ་བརྡ་སྤྲོད་འབད་བའི་བསྒང་།
༢༩/༠༦/༢༠༡༢   ༉ ཤར་ཕྱོགས་རྫོང་ཁག་ མོང་སྒར་བཟུམ་ཅིག་ནང་འབད་བ་ཅིན་ ཆང་འཐུང་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ ཁྲོམ་ཁའི་ཆང་ཁང་ཚུ་ནང་ འགྱོ་བལྟ་བ་ཅིན་ ལེགས་ཤོམ་སྦེ་ ཤེས་ཚུགས་ནི་ཨིནམ་ད་ དེ་ཡང་ ཆང་རིགས་ཚུ་ འཐོབ་ཆོག་ཆོ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།
ད་ལྟོ་ཚུན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆང་བཀག་འཛིན་འབད་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ ག་དེམ་ཅིག་ འགོ་འདྲེན་འཐབ་སྟེ་འབད་རུང་ ངོས་ལེན་འབད་མི་དེ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་པས།



དེ་ཡང་ མོང་སྒར་ཁྲོམ་ནང་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཡོད་མི་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཆང་དང་ སྨྱོ་རྫས་ཀྱི་བསླབ་བྱ་ལྟེ་བའི་ནང་ ཆང་བཀག་འཛིན་འབད་ནི་ལུ་ བསླབ་བྱ་ཉན་མི་ རེ་གཉིས་ལས་བརྒལ་ འོང་ནི་མིན་འདུག་ཟེར་ ལྟེ་བའི་བསླབ་སྟོན་པ་ ཚེ་རིང་ཆོས་སྒྲོན་གྱི་ ཀུན་གསལ་ལུ་ སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ མོང་སྒར་ལུང་ཕྱོགས་ཀྱི་ གནས་སྟངས་ལུ་བལྟ་བ་ཅིན་ མི་ཚུ་གི་སེམས་ཁ་ལུ་ ལྟེ་བའི་དམིགས་ཡུལ་དེ་ ཆང་དང་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་རྐྱངམ་གཅིག་ཨིན་པའི་ སྣང་བ་མ་གཏོགས་ ཆང་མ་འཐུང་མི་ ན་གཞོན་ཅིག་གིས་འབད་རུང་ ལྟེ་བ་ནང་འགྱོ་བ་ཅིན་ མི་སྡེ་གི་ མཐོང་སྣང་ལུ་ མིང་གཏམ་ཞན་སུ་འགྱོ་ནི་ལ་སོགས་པའི་ ཚོར་སྣང་བྱུང་མི་ལུ་བརྟེན་ བསླབ་བྱ་ཉན་མི་ དཀོན་སུ་ཅིག་ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྟེ་བའི་འཛིན་སྐྱོང་པ་ འབུམ་རྡོ་རྗེ་གིས་འབད་བ་ཅིན་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ཆང་དང་ སྨྱོ་རྫས་སྤྱོད་མི་རྐྱངམ་གཅིག་ལུ་ བསླབ་བྱ་བྱིན་ནིའི་ དམིགས་ཡུལ་མིན་པར་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ཡང་ གནད་དོན་དེ་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ གྲོས་བསྟུན་འབད་ནི་དང་ བསམ་ལན་བརྗེ་སོར་འབད་ནི་ཚུ་ ཁག་ཆེ་ཟེར་ སླབ་ཨིན་པས།
སྤྱིར་བཏང་མི་ཚུ་གིས་འབད་རུང་ ཤར་ཕྱོགས་ལུ་ ཆང་འཐུང་མི་ མང་སུ་ཡོད་པའི་ ལོ་རྒྱུས་ཚུ་ སླབ་ནི་ཡོད་རུང་ དེ་བཟུམ་གྱི་ བསླབ་བྱ་ལྟེ་བའི་ནང་ བཀག་ཐབས་ཀྱི་ བསླབ་བྱ་ལེན་མི་དེ་ དཀོན་སུ་ཅིག་ཨིན་མི་དེ་ཡང་ མི་སྡེ་ནང་ ཁོང་རའི་ མིང་གཏམ་མེདཔ་འགྱོ་ནི་མས་མནོ་བའི་ མནོ་བསམ་བཏང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
བསླབ་སྟོན་པ་ཚུ་གིས་ ཆང་དང་སྨྱོ་རྫས་ལུ་ ཤུགས་ཐལ་མི་ཚུ་ བསླབ་སྟོན་བྱིན་ནི་དང་ བསྐྱར་གསོ་ལྟེ་བའི་ནང་བཏང་སྟེ་ ན་གཞོན་ཚུ་ སྨྱོ་རྫས་ལག་ལེན་ལས་ བཀག་ཚུགས་ནིའི་དོན་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་ བསླབ་བཀོད་འབད་དོ་ཡོདཔ་མ་ཚད་ ཁོང་ར་ ནང་འཁོད་ལུ་ཡང་ བསམ་འཆར་དང་ མི་ཚེའི་གནས་སྟངས་ཚུ་ གཅིག་གིས་གཅིག་ལུ་ སྤེལ་དོ་ཡོདཔ་ཨིན་པས།
ཨིན་རུང་ མོང་སྒར་བཟུམ་ཁྲོམ་བཟུམ་ཅིག་ནང་འབད་བ་ཅིན་ སྨྱོ་རྫས་ལུ་ ཤུགས་ཐལ་མི་ ཨ་ལུ་ཚུའི་ ཕམ་ཚུ་གིས་འབད་རུང་ ལྟེ་བའི་ནང་ སྐྱེལ་མི་བཏུབ་དོ་ཡོདཔ་ལས་ ད་ལས་ཕར་ ཆང་དང་སྨྱོ་རྫས་དང་འབྲེལ་བའི་ གནོད་ཉེན་སྲུང་ཐབས་ལུ་ འཕྲལ་མགྱོགས་ར་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཅིག་ འཚོགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལྟེ་བ་དེ་ སྤྱི་ལོ་༢༠༡༠ གྱི་ཟླཝ་༡༢ པ་ལས་ འགོ་བཙུགས་ཡོདཔ་ད་ ཐོ་བཀོད་དང་འཁྲིལཝ་ད་ ད་ལྟོ་ཚུན་ ལྟེ་བའི་ནང་ ཆང་དང་སྨྱོ་རྫས་ལུ་ ཤུགས་ཐལ་མི་དང་ མ་ཐལ་མི་ཡོངས་བསྡོམས་ མི་གྲངས་༦༥ དེ་ཅིག་ཡོད་མིའི་གྲས་ལས་༤ ཨམ་སྲུ་ཨིནམ་ད་ ཁོང་ཆ་ཁྱབ་ སྐྱེས་ལོ་༡༦ ལས་༥༩ གི་བར་ན་ཨིན་པས།
ཁྲོམ་ཁར་སྡོད་མི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ཆང་འཐུང་ནི་དེ་ འབྲུག་གི་ ལམ་སྲོལ་བཟུམ་ཅིག་ཨིནམ་ལས་ མི་སྡེ་ཚུ་ནང་ ཆང་འཐུང་མི་ཡང་ ཕོ་མའི་ཁྱད་པར་མེདཔ་ད་ ཆང་ཤུགས་འཐུང་མི་ཚུ་གིས་འབད་རུང་ དེ་བཟུམ་གྱི་ བསླབ་བྱ་ལྟེ་བའི་ནང་ འགྱོ་ནི་དེ་ མི་སྡེའི་ནང་ གོམས་གཤིས་ཅིག་ མེད་པ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཨམ་སྲུ་ཚུ་གིས་ཡང་ ཆང་འཐུང་སྲོལ་ཡོད་མི་དེ་ མི་སྡེའི་ནང་ སྟབས་མ་བདེཝ་ཅིག་མེད་པར་ ལམ་སྲོལ་ཅིག་ལུ་གྱུར་ཡོད་རུང་ ཨམ་སྲུ་ཚུ་གིས་ བསླབ་བྱ་ལྟེ་བའི་ནང་ ཆང་བཀག་འཛིན་འབད་ཐབས་ལུ་ ལྟེ་བ་ནང་འགྱོ་བ་ཅིན་ མི་སྡེ་གིས་ སྨད་པ་རྐྱབ་འོང་མནོ་བའི་ ཚོར་སྣང་བྱུང་མི་ལུ་བརྟེན་ ལྟེ་བའི་ནང་ ཉུང་སུ་ཅིག་ལས་བརྒལ་ འགྱོ་མི་མིན་འདུག་ཟེར་ཨིན་པས།
ཆང་འཐུང་མི་ཚུ་གིས་ སླབ་མིའི་ནང་ ཆང་འཐུང་ཞིནམ་ལས་ ལྟེ་བ་ནང་ བསླབ་བྱ་ལེན་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ མི་སྡེའི་མཐོང་སྣང་ལུ་ ལེགས་ཤོམ་མི་འོང་ཟེར་བའི་ ཚ་གྱང་དང་ ངོ་ཚ་མི་ལུ་བརྟེན་ ཨིན་ཟེར་སླབ་ཨིན་པས།
ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༢༦ གི་ཉིནམ་དེ་ འཛམ་གླིང་སྨྱོ་རྫས་བཀག་འཛིན་གྱི་ཉིནམ་སྦེ་ བརྩི་སྲུང་འབད་དེ་ཡོདཔ་ད་ དུས་ཅི་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་ ཆང་དང་སྨྱོ་རྫས་ཀྱི་ བསླབ་བྱ་ལྟེ་བའི་ བསླབ་སྟོན་པ་དང་ གསོ་བའི་ལས་བྱེདཔ་  དེ་ལས་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་བཀག་འཛིན་འབད་ནི་ལུ་ རྒྱབ་སྐྱོར་འབད་ཐོག་ ཁྲོམ་སྐོར་ར་རྐྱབ་སྟེ་ ན་གཞོན་དང་ཚོང་པ་ ཞི་གཡོགཔ་ཚུ་ལུ་ ཆང་དང་སྨྱོ་རྫས་ཀྱི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ རྒྱབ་སྐྱོར་འབད་མི་ མི་གྲངས་༡༠༩ དེ་ཅིག་གིས་ རས་བྱང་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment