མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ རྩིས་ཁྲ་དེ་ སྤྱི་ཟླ་༦ པའི་ཚེས་༣༡ གི་ནང་འཁོད་ལུ་ རྩིས་བཀོད་འབད་དགོཔ་བཞིན་དུ་ དུས་ཚོད་དེ་ ན་འཐན་ར་སྦོ་ལོགས་ཁར་ལྷོདཔ་ད་ གློག་མེའི་ཞབས་ཏོག་མེདཔ་ལས་ ཡོངས་འབྲེལ་གྱི་མཐུན་རྐྱེན་མེད་མི་གིས་ ལཱ་འབད་མ་ཚུགསཔ་ལས་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།
མགར་ས་རྫོང་བདག་གིས་ བཤད་མིའི་ནང་ གློག་མེ་ཉམས་བཅོས་ཀྱི་དོན་ལུ་ འགོ་ཐོག་ཆད་མིའི་ ཀཝ་དང་ གློག་ཐག་ལ་སོགས་པའི་ཅ་ཆས་ཚུ་ གཞུང་ལམ་ཁར་ ས་གནས་ཀ་སྦིས་ནང་ལུ་ ཁ་ཙ་ལྷོད་ཡོད་རུང་ དེ་ནང་ལས་ སྐྱེལ་འདྲེན་འབད་དེ་ ཉམས་བཅོས་འབད་དགོཔ་ལས་ དུས་ཡུན་ཟླཝ་ལས་བཅད་དེ་ འགོར་ནི་བཟུམ་འདུག་ཟེར་ཨིན་པས།
ད་ལྟོ་ ཁ་སྟོད་རྒེད་འོག་གི་ གཡུས་ཚན་ཆ་མཉམ་དང་ ཁ་སྨད་རྒེད་འོག་ འདམ་སྦྱིས་ལུ་ གློག་མེ་མེད་མི་ལུ་བརྟེན་ ད་རེས་ནངས་པ་ མེ་བཏེག་ནིའི་དོན་ལུ་ སྤྱ་རྩི་སྤེན་པ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ འཐུང་ཆུའི་རྐ་ཚུ་ འཕྱགས་བདའ་སྟེ་ ཁྱིམ་གུང་༤༠ ལྷགཔ་ཅིག་ལུ་ འཐུང་ཆུ་མེདཔ་བཟོ་ཡོད་རུང་ རྫོང་ཁག་གིས་ ཆུ་དུང་ཚུ་ བཀྲམ་སྤེལ་འབད་ཐོག་ལས་ ལེགས་བཅོས་འབད་དེ་ ཉིནམ་༢ ཀྱི་ཧེ་མར་ འཐུང་ཆུ་ཚུ་ ལྷོད་དེ་ཡོད་ཟེར་ རྫོང་བདག་གིས་བཤདཔ་ཨིན་པས།
དེ་དང་འདྲཝ་སྦེ་ འགྲུལ་འཕྲིན་ ཀྲི་སཱེལ་དང་ བི་མོ་བཱ་ཡེལ་གྱི་ ཞབས་ཏོག་ཚུ་ཡང་ གློག་མེ་ལུ་བརྟེན་ བར་ཆད་རྐྱབ་ཡོད་མི་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཕྲུལ་ཆས་ ཇེ་ནེ་རེ་ཊར་ལག་ལེན་འཐབ་ཐོག་ལས་ དཀའ་ངལ་ཚུ་ བསལ་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་ ཆུ་གཡུར་ཁག་དག་པ་ཅིག་ མེདཔ་བཏང་མི་དེ་ ཁ་ཙ་ལས་ རྫོང་ཁག་གིས་ གནོད་སྐྱོན་བྱུང་མིའི་ ཁྱིམ་གུང་རེ་རེ་བཞིན་གྱི་ ལས་མིའི་ཞབས་ཏོག་ཐོན་ཏེ་ ཉམས་བཅོས་ཀྱི་ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཆུ་རུད་དེ་གིས་ ད་རུང་ འདམ་སྦྱིས་གཡུས་ཚན་ནང་ ལྕང་ལཱ་རྐྱབ་ཚརཝ་ཅིག་ཨིན་མི་ ལྕངམ་ཆུ་ཞིང་ཨེ་ཀར་ལས་བཅད་དེ་ མེདཔ་གཏང་ཡོདཔ་ད་ ས་གནས་ནང་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་མ་ཚུགས་པར་ཡོད་རུང་ ཞིབ་དཔྱད་ཀྱི་དོན་ལུ་ ད་རིས་ རྫོང་ཁག་གི་སྡེ་ཚན་ཅིག་བཏང་དོ་ཟེར་ མགར་ས་རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment