གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ལམ་བཀག་བསུབ་ཀྱི་དཀའ་ངལ།

བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༤ གི་ས་གནས་ པིན་ཆི་ནང་ ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ ས་རུད་ཀྱིས་ ལམ་བསུབས་མི་དེ་ གི་རིཕ་གི་ ལས་མི་ཚུ་གིས་ སེལ་བའི་བསྒང་།
༢༣/༠༦/༢༠༡༢   ༉ འཕྲལ་ཁམས་ཅིག་ལས་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ གཞུང་ལམ་བདའ་སྟེ་ ས་གནས་ཁག་ལེ་ཤ་ཅིག་ནང་ ལམ་བཀག་བསུབས་ཀྱི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཕར་ཚུར་ལམ་འགྲུལ་འབད་མི་ཚུ་ རང་འགྱོ་སའི་ ས་གོ་ནང་ལྷོད་ཚུགས་ནི་ལུ་ དུས་ཡུན་ལེ་ཤ་འགོར་ནི་དེ་གིས་ འུ་སྡུག་ ཐང་ཆད་པའི་ ཉམས་སྣང་བྱུང་དོ་ཡོདཔ་ཨིན་པས།


དེ་ཡང་ མི་མང་འགྲུལ་སྐྱེལ་བཱསི་དང་ སྣུམ་འཁོར་གཞན་ཚུ་ ལམ་བཀག་སའི་ ས་གོ་རེ་རེའི་ནང་ དུས་ཡུན་ཆུ་ཚོད་༡ ལྷགཔ་རེ་ སྒུག་དགོ་ནི་དེ་གིས་ དུས་རྒྱུན་གྱི་ དུས་ཚོད་དང་ཕྱདཔ་ད་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ཕྱིས་ཏེ་ ས་གོ་ནང་ ལྷོདཔ་ཨིན་པས།
ད་རེས་ནངས་པ་ བདེ་བ་ཐང་དང་ བཀྲིས་སྒང་གི་བར་ན་ ས་གནས་ཁག་༤ ནང་ ལམ་སྦོམ་སྦེ་ བསུབས་ཡོདཔ་ལས་ དེ་ཚུ་ བསལ་ཚུགས་ཚུགས་ལུ་ དུས་ཡུན་ཉུང་ཤོས་ ཆུ་ཚོད་༢ དེ་རེ་ འགོར་དོ་ཡོདཔ་ཨིན་པས།
ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་གི་ ཁ་ཐུག་ལུ་ ཀི་ལོ་མི་ཊར་༤༥ གི་ ས་གནས་ཁག་༣ ནང་ ས་རུད་སྦོམ་སྦེ་ ར་ཆད་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ ཐོགས་ལུས་ཡོདཔ་ད་ ལམ་དེ་ ཉིན་མའི་ཆུ་ཚོད་༡༢ ལུ་ བསལ་ཚུགས་ཡོདཔ་ཨིན་པས།
དེ་ལས་ ཀི་ལོ་མི་ཊར་༣༠ ལས་༤༥ གི་བར་ན་ ལམ་དུམ་གྲ་རེ་བསུབས་མི་ཚུ་ དྲོ་པ་སྣུམ་འཁོར་ལེ་ཤ་འགྲོ་འགྲུལ་འབད་ནི་ འགོ་མ་བཙུགསཔ་ཅིག་ཁར་ བསལ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ལས་ མོང་སྒར་ལུ་འགྱོ་མི་ འགྲུལ་སྐྱེལ་བཱསི་ཅིག་གི་དེད་གཡོགཔ་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ ལམ་བདའ་སྟེ་ ས་གནས་ཁག་ལེ་ཤ་ཅིག་ནང་ ལམ་བསུབས་མི་ལུ་བརྟེན་ ས་ཁོངས་ཚུ་ནང་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ང་བཅས་ བསམ་གྲུབ་ལྗོངས་མཁར་ལས་ དྲོ་པའི་ཆུ་ཚོད་༦.༣༠ ལས་ ལམ་འགྲུལ་འབད་ནི་ འགོ་བཙུགས་དོ་ཡོདཔ་ལས་ མོང་སྒར་ལུ་ ཕྱི་རུའི་ཆུ་ཚོད་༥.༣༠ ལུ་ ལྷོད་དགོཔ་ཨིན་རུང་ འདས་པའི་བདུན་ཕྲག་དག་པ་ཅིག་ལས་ ནུབ་མོའི་ཆུ་ཚོད་༩ ལས་བརྒལ་ ལྷོད་མི་ཚུགས་པས་ཟེར་ སྐྱེས་ལོ་༤༧ ལང་མི་ དེད་གཡོགཔ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
འདས་པའི་ལོ་ངོ་༨ ཀྱི་རིང་ གཞུང་ལམ་དེ་གཉིས་ཀྱི་བར་ན་ ལམ་འགྲུལ་འབད་མི་ དེད་གཡོགཔ་བཅོ་ལྔ་གིས་འབད་བ་ཅིན་ གནམ་འབྱ་གི་སྐབས་ལུ་ ལམ་བཀག་བསུབས་ཀྱི་ དཀའ་ངལ་འབྱུང་ནི་ཡོད་རུང་ དུས་ཅི་བཟུམ་སྦེ་ ལམ་སྦོམ་སྦེ་ མ་ཆད་ཟེར་ཨིན་པས།
ནུབ་མོར་འགྲུལ་སྐྱེལ་བཱསི་གཏང་ནི་ལུ་ དོ་འགྲན་སྦོམ་བྱུངམ་མ་ཚད་ དྲོ་པ་ཧ་སག་ལོང་སྟེ་ འགྱོ་དགོ་ནི་དེ་གིས་ ཉལ་ནི་གི་ དུས་ཚོད་ལངམ་མི་ཐོབ་པས་ཟེར་ སྐྱེས་ལོ་༤༠ ལང་མི་ བཅོ་ལྔ་གིས་ བཤད་པའི་ཁར་ བདུན་ཕྲག་འདི་གི་ སྔ་ཆ་ལུ་ བཱསི་དེ་ བཀྲིས་སྒང་ལུ་ལྷོདཔ་ད་ དྲོ་པའི་ཆུ་ཚོད་༢ ལང་་སོ་ནུག་ཟེར་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ གི་རིཕ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ལམ་བཀག་བསུབས་ཀྱི་ དཀའ་ངལ་དེ་ གཙོ་བོ་ར་ ལམ་རྒྱ་བསྐྱེད་ཀྱི་ ལཱ་ལུ་བརྟེན་ ས་འཇམ་ས་ཐལ་ཡོདཔ་མ་ཚད་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ས་རུད་ཆད་ནི་དེ་གིས་ཨིན་ཟེར་ཨིན་པས།
ལམ་ཆད་ས་དང་ བཀག་སའི་ས་ཁོངས་ཚུ་ནང་ དེ་འཕྲོ་ལས་ ལམ་བསལ་ནིའི་དོན་ལུ་ ལས་མི་དང་ འཕྲུལ་ཆས་ཚུ་ བཞག་སྟེ་ཡོད་ཟེར་ གི་རིཕ་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ལས་རོགསཔ་ ཨ་བི་ནཱན་དཱན་ ཀུ་མར་སིན་ཧ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་འབད་མི་ ལས་མི་༨༠༠ དང་ས་གཅོད་ འཕྲུལ་གླང་༤ ཡོདཔ་ད་ ད་ཚུན་གྱི་བར་ན་ ལམ་ཀི་ལོ་མི་ཊར་༥༠ རྒྱ་བསྐྱེད་འབད་ཚར་ཡི་ཟེར་ བཟོ་རིག་འགོ་དཔོན་ལས་རོགསཔ་གིས་ བཤདཔ་ཨིན་པས།
ད་རུང་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་གི་བར་ན་ འཕྲལ་འཕྲལ་སྦེ་ར་ ལམ་ཆད་ནི་ཡོད་རུང་ དུས་ཡུན་ཆུ་ཚོད་༡ གི་ནང་འཁོད་ལུ་ སེལ་དོ་ཡོདཔ་ལས་ སྣུམ་འཁོར་ཚུ་ དུས་ཡུན་རིངམོ་སྦེ་སྒུག་དགོཔ་ མི་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment