ཀ་སྦིས་ནང་ལུ་ འཁོར་ལམ་ཆད་མི་དེ་ སེལ་བའི་བསྒང་། |
ཨིན་རུང་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ས་གནས་དེ་ཁ་ལས་ དུམ་གྲ་ཅིག་གི་རྒྱབ་ཁར་ ད་རུང་ ས་རུད་སྦོམ་ཆད་དེ་ ལམ་བསུབས་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མི་ཚུགས་པས་ཟེར་ཨིན་པས།
ཆུ་རུད་ལུ་བརྟེན་ རྫོང་ཁག་འོག་ལུ་ སྣུམ་འཁོར་ལམ་དང་ ཟམ་ཚུ་ ཆུ་གིས་འཕྱགས་བདའ་བའི་ཁར་ ས་རུད་ཆེ་ཆུང་མང་རབས་ཅིག་ཆད་དེ་ ལམ་ཚུ་བསུབས་ཏེ་ སྣུམ་འཁོར་ཕར་བཞག་ ཐ་ན་ མི་ཚུ་ཡང་ མ་ཐལ་བའི་གནས་སྟངས་སྐྱོ་དྲགས་བཟོ་ཡོད་མི་དེ་ ལོག་ཧེ་མའི་ཤུལ་ལུ་ ལྷོད་ནི་ལུ་ དུས་ཡུན་ཟླཝ་ལས་བཅད་དེ་ འགོར་ནི་བཟུམ་ཅིག་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༡ གི་དྲོ་པ་ཐོན་མི་ ཆུ་རུད་དེ་གིས་ ཀ་སྦིས་ནང་དང་ འདམ་སྦྱིས་ཀྱི་བར་ན་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ ནང་འཁོད་ལུ་ སྣུམ་འཁོར་ལམ་ཀི་ལོ་མི་ཊར་༥༠༠ ལྷགཔ་ཅིག་དང་ སྣུམ་འཁོར་གྱི་ལྕགས་ཟམ་༢ དེ་ལས་ རྩི་ས་གིས་བཟོ་མི་ ཀཱལ་བཱཊི་༢ དང་ ས་རུད་སྦོམ་ཁག་༣ དང་ ཆུང་ཀུ་ལེ་ཤ་ཅིག་ ཆད་མི་ཚུ་གིས་ ལམ་བསུབས་ཡོདཔ་ཨིན་པས།
སྣུམ་འཁོར་ལམ་ ཆད་མི་ཚུ་གི་གྲས་ལས་ འགོ་ཐོག་ར་ སྤུ་ན་ཁ་ལས་ མགར་ས་ལུ་བལྟ་སྟེ་ ཀི་ལོ་མི་ཊར་༣༣ དེ་ཅིག་ལུ་ ཀ་སྦིས་ནང་ལུ་ ཆུ་གཡུར་ཀཱལ་བཱཊི་དང་གཅིག་ཁར་ སྣུམ་འཁོར་ལམ་ མི་ཊར་༡༥༠ དེ་ཅིག་ཆད་ཡོད་སར་ ལམ་སེལ་ལས་ཁུངས་ཀྱིས་ དེ་གི་ནངས་པར་ ས་བརྐོ་འཕྲུལ་ཆས་ ཨེསི་ཀ་བེ་ཊར་ཅིག་ བཙུགས་ཡོདཔ་ད་ ས་ཁོངས་དེ་བསལ་ཏེ་ ད་རིས་འབདཝ་ད་ ཉིནམ་༤ ལང་ཡོདཔ་ད་ འཁོར་ལམ་དེ་ ནངས་པར་ བསལ་ཚར་ནི་བཟུམ་ཡོད་ཟེར་ འདམ་སྦྱིས་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ དཔལ་ལྡན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ས་ཁོངས་དེ་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ ས་གནས་དེ་ཁ་ལས་ ཀི་ལོ་༡༢ དེ་ཅིག་ཁར་ ས་གནས་དགའ་ཐལ་ནང་ཟེར་སར་ ད་རུང་ སྣུམ་འཁོར་ལམ་ མི་ཊར་༢༥༠ དེ་ཅིག་ཆད་པའི་ཁར་ རིང་ཚད་ཕིཊ་༨༠ དེ་ཅིག་འབད་མི་ ལྕགས་ཟམ་ཅིག་ འཕྱགས་བདའ་ཡོད་སར་ ལྷོད་འོང་ཟེར་ དཔལ་ལྡན་དབང་ཕྱུག་གིས་ བཤདཔ་ཨིན་པས།
དེ་གི་ཉེ་འདབས་ལུ་ ད་རུང་ རིང་ཚད་ཕིཊ་༥༠ དེ་ཅིག་འབད་མི་ ལྕགས་ཟམ་ཅིག་ ཆུ་རུད་ཀྱིས་ འཕྱགས་འབག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རུང་ ཀི་ལོ་མི་ཊར་༡ དེ་ཅིག་གི་རྒྱབ་ལས་ ས་གནས་ཤལ་ལི་ཁ་དང་ དེ་ནང་ལས་ ཀི་ལོ་མི་ཊར་༢ དེ་ཅིག་ལུ་ ས་གནས་སྦྱིས་ཤོང་དང་ ལབ་བྱང་ས་གནས་ཁག་༣ ནང་ ས་རུད་ལུ་བརྟེན་ ལམ་ཤུགས་སྦེ་ར་ བསུབས་ཡོདཔ་ད་ དེ་ནང་ ལམ་མི་ཊར་༡༠༠ དེ་ཅིག་ ཆུ་གིས་ འཕྱགས་འབག་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལམ་སེལ་གྱི་དོན་ལུ་ ད་ལྟོ་ འདམ་སྦྱིས་ཁ་ཐུག་ལས་ཡང་ ལམ་བསུབས་མི་ཚུ་ བསལ་ནིའི་དོན་ལུ་ ཇེ་སི་ བི་བེ་ཀོ་འཕྲུལ་ཆས་བཙུགས་ཏེ་ཡོད་རུང་ མར་ཁུ་རྫོགས་རན་ཁར་ལྷོད་ཡོདཔ་ལས་ དུས་ཡུན་ཐུང་ཀུ་ལས་བརྒལ་ ལཱ་འཕྲོ་མཐུད་དེ་ འབད་མི་ཚུགས་བཟུམ་ཡོད་ཟེར་ དཔལ་ལྡན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ལམ་སེལ་ནིའི་དོན་ལུ་ ད་རུང་ ས་བརྐོ་འཕྲུལ་ཆས་༡ ད་རིས་ ས་ཁོངས་ནང་ལྷོད་ནི་ཨིནམ་མ་ཚད་ འཕྲུལ་ཆས་༡ ས་ཁོངས་ནང་ འོང་པའི་བསྒང་ཡོད་ཟེར་ཨིན་པས།
ལམ་ཡོངས་རྫོགས་བསལ་ཚར་ནི་ལུ་ དུས་ཡུན་ག་དེམ་ཅིག་ འགོར་འོང་ག་ཟེར་ དྲི་བའི་སྐབས་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ དུས་ཡུན་མཐོ་ཤོས་ ཟམ་བཟོ་སྐྲུན་ནང་ འགོར་དོ་ཡོདཔ་བཞིན་དུ་ ཁ་ཙ་ ས་ཁོངས་དེ་ནང་ ཟམ་གྱི་མཁས་མཆོག་༢ ལྷོད་དེ་ཡོདཔ་ད་ ཁོང་དང་ གྲོས་བསྟུན་འབད་བལྟཝ་ད་ དམ་སྦྱིས་ཚུན་ སྣུམ་འཁོར་ཐལཝ་བཟོ་ནི་ལུ་ དུས་ཡུན་ཟླཝ་༢ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ ཆུ་རུད་དེ་གིས་ འདམ་སྦྱིས་སྤྱི་འོག་དང་ ཇ་སྦིས་ས་སྤྱི་འོག་ནང་ འཐུང་ཆུ་མེདཔ་གཏང་ཡོད་མི་དེ་ ད་ལྟོ་ ཆུ་དུང་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ དེ་བཟུམ་སྦེ་ བར་ཤ་དང་ ཡེ་མི་ནང་སྤྱི་འོག་༢ ནང་ ཁྱིམ་གུང་༣༨ ལུ་ཕན་ཐོགས་མི་ ཆུ་གཡུར་མེདཔ་བཏང་ཡོད་མི་དེ་ ད་ལྟོ་ ཞིབ་དཔྱད་འབད་དེ་ ཉམས་བཅོས་ལཱ་གི་གནས་སྐབས་ཚུ་ བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཇ་སྦིས་ས་སྤྱི་འོག་ནང་ ཁྱིམ་གུང་༡ གི་དོན་ལུ་ ཁྱིམ་གཡས་གཡོན་ལས་ཆད་པའི་ཁར་ རྐང་ཟམ་ཆད་ཡོད་ནི་དེ་གིས་ མི་ཚུ་ ག་ཏེ་ཡང་ འགྱོ་མ་ཚུགས་མི་ལུ་བརྟེན་ ད་ལྟོ་ རྫོང་ཁག་གིས་ གནས་སྐབས་ཀྱི་ཤིང་ཟམ་ཅིག་ རྐྱབ་ཡོདཔ་མ་ཚད་ དགའ་ཐལ་ནང་ལུ་ མི་ཚུ་གིས་ འདམ་སྦྱིས་དང་ མགར་ས་ལུ་ དང་ཕུ་ལས་ མགྱོགས་ལམ་བདའ་སྟེ་འགྱོ་སའི་ལམ་ཁར་ སྤྲིངས་ཟམ་ཅིག་ཡོད་མི་དེ་ ཆུ་རུད་ཀྱིས་ འཕྱགས་འབག་མི་དེ་ཡང་ ད་ལྟོ་ གནས་སྐབས་ཀྱི་ཟམ་རྐྱབ་ཡོད་རུང་ རྟ་ཚུ་མི་ཐལ་བས་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་རུད་དེ་གིས་ གློག་མེའི་ཀཝ་ཚུ་ འཕྱགས་འབག་མི་དེ་གིས་ ད་ལྟོ་ འདམ་སྦྱིས་སྤྱི་འོག་དང་ ཁ་སྟོད་རྒེད་འོག་ནང་ གློག་མེའི་མཐུན་རྐྱེན་མེད་པར་ཡོད་མི་དེ་ གློག་མེའི་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་བལྟཝ་ད་ ཀཝ་དང་གློག་ཐག་ཚུ་ སྣུམ་འཁོར་ཐལ་སའི་ལམ་ཚུན་ ད་རིས་ ལྷོད་ནི་ཨིན་རུང་ དེ་ནང་ལས་ མི་དང་ རྟ་ཚུ་གིས་ བསྐྱལ་དགོཔ་ལས་བརྟེན་ ནམ་ཞབས་ཏོག་བྱིན་ཚུགས་ག་ སླབ་མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment