དེ་འབདཝ་ད་ ད་ལྟོ་ གཞི་བཙུགས་ཚར་ཏེ་ ལག་ལེན་འཐབ་ཚུགས་ནི་ཨིན་མི་ མི་སྡེའི་ཞབས་ཏོག་ལྟེ་བ་ཚུ་གི་གྲས་ལས་ ལྟེ་བ་༢༣ ནང་མ་གཏོགས་ གློག་རིག་ཡོངས་འབྲེལ་གྱི་ མཐུད་སྦྲེལ་མེདཔ་ད་ ལྟེ་བ་གཞན་༧༧ གྱི་ནང་ལས་ གློག་རིག་ཐོག་ ཡི་གུ་འབྲི་ནི་དང་ འདྲ་པར་བཏབ་ནི་ འདྲ་བཤུས་རྐྱབ་ནི་ལ་སོགས་པའི་ ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
མི་སྡེའི་ཞབས་ཏོག་ལྟེ་བ་ལུ་བརྟེན་ རྒེད་འོག་གི་མི་སེར་ཚུ་ རྫོང་ཁག་དང་ ལྷན་ཁག་ཚུ་ནང་ འགྱོ་མ་དགོ་པར་ ས་གནས་ཁར་ལས་ གཞུང་འབྲེལ་གྱི་ཞབས་ཏོག་ཚུ་ འཐོབ་ཚུགས་བཟོ་ནི་གི་དོན་ལུ་ བརྡ་དོན་འཕྲུལ་རིག་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ རྒེད་འོག་ཚུ་ནང་ གློག་རིག་གི་འཕྲུལ་ཆས་ཚུ་བཙུགས་ཏེ་ མི་སྡེའི་ཞབས་ཏོག་ལྟེ་བ་གཞི་བཙུགས་འབད་དོ་ཡོད་མི་དེ་ཨིན་པས།
མ་གཞི་འགོ་ཐོག་ལུ་ གཞུང་གིས་ འཆར་གཞི་༡༠ པ་མཇུག་བསྡུཝ་ད་ རྒེད་འོག་༢༠༥ ག་རའི་ནང་ གློག་རིག་ཀམ་པུས་ཊར་དང་ འདྲ་བཤུས་འཕྲུལ་ཆས་ བརྒྱུད་འཕྲིན་ དེ་ལས་ ཡིག་འཕྲིན་འཕྲུལ་ཆས་ཚུ་ ཆ་ཚང་ཡོད་པའི་ ཞབས་ཏོག་ལྟེ་བ་རེ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཆར་གཞི་དེ་ནང་ ལྟེ་བ་༡༨༥ ལས་ལྷག་སྟེ་ གཞི་བཙུགས་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
བརྡ་དོན་འཕྲུལ་རིག་ལས་ཁུངས་ཀྱི་མདོ་ཆེན་ ཕུན་ཚོགས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཆར་གཞི་༡༠ པའི་ནང་ གཞི་བཙུགས་འབད་ནི་ཨིན་མི་ ད་ལྟོ་ མི་སྡེའི་ཞབས་ཏོག་ལྟེ་བ་༡༠༠ ཡོད་པའི་ ལྷག་ལུས་༨༥ པོ་དེ་ དུས་ཅི་ ལོ་མཇུག་བསྡུཝ་ད་ ཚརཝ་ཚུགསཔ་འབད་ནི་གི་འཆར་གཞི་ཨིན་རུང་ གལ་སྲིད་མ་ཚར་བ་ཅིན་ ཤུལ་མའི་ལོ་གི་ སྤྱི་ཟླ་༣ པའི་ནང་ ཚར་ཚུགསཔ་སྦེ་ འབད་ནི་ཟེར་ཨིན་པས།
དེ་འབདཝ་ད་ ཞབས་ཏོག་ལྟེ་བ་ཚུ་ནང་ ད་ལྟོ་ གློག་རིག་ཡོངས་འབྲེལ་ཞབས་ཏོག་ཡོད་མི་ ལྟེ་བ་༢༣ ར་ཨིནམ་ད་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལས་ ལྟེ་བ་༧༣ དེ་ཅིག་ནང་ ཡོངས་འབྲེལ་ཞབས་ཏོག་ ལྷོད་ཚུགས་པའི་རེ་བ་ཡོདཔ་ད་ སང་ཕོད་ སྤྱི་ཟླ་༣ པའི་ནང་ ཡོངས་བསྡོམས་ལྟེ་བ་༡༣༡ ལས་ ཡོངས་འབྲེལ་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་ཨིན་པའི་ཁར་ སྤྱི་ལོ་༢༠༡༣ གྱི་ ལོ་མཇུག་ལུ་ ལྟེ་བ་༡༨༥ ཆ་མཉམ་ནང་ ཡོངས་འབྲེལ་ཞབས་ཏོག་ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ འཆར་གཞི་༡༠ པའི་ནང་ རྒེད་འོག་༢༠༥ ཆ་མཉམ་ནང་ མི་སྡེའི་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ མ་དངུལ་མ་ལང་པའི་ དཀའ་ངལ་དང་ འབྲུག་གློག་མེ་ལས་འཛིན་གྱིས་ ཡོངས་འབྲེལ་གྱི་མཐུད་སྦྲེལ་ཚུ་ ལས་འགུལ་དང་འཁྲིལ་ཏེ་ འབད་དགོ་ནི་དེ་གིས་ ཕྱིས་སོ་ཡི་ཟེར་ཨིན་པས།
མི་སྡེའི་ཞབས་ཏོག་ལྟེ་བའི་ ལས་འགུལ་དེ་ལུ་ རྒྱ་གར་གཞུང་གི་ རོགས་རམ་ཐོག་གི་ སྤྱི་ཕན་རིག་སྤེལ་ལས་འགུལ་ལས་ མ་དངུལ་ས་ཡ་༡༡༥ དང་ ཡོངས་འབྲེལ་གཞུང་སྐྱོང་ལས་འགུལ་ལས་ མ་དངུལ་ས་ཡ་༤༠ དེ་ལས་ སི་བིསི་གོང་འཕེལ་ལས་འཛིན་ལས་མ་དངུལ་ས་ཡ་༡༠ དེ་ཅིག་བསྡོམས་ཏེ་ མ་དངུལ་ས་ཡ་༡༦༥ དང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་གོང་འཕེལ་མ་དངུལ་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༢.༥༣༣ བྱིན་ཡོདཔ་ཨིན་པས།
ད་ལྟོ་ སློབ་གྲྭ་བཤོལ་བཞག་འབད་མི་ ན་གཞོན་༦༩ དེ་ཅིག་ ལྟེ་བ་དེ་ཚུའི་ནང་ ལཱ་གི་སྦྱོང་བརྡར་ཚུ་བྱིན་ཚར་ཏེ་ སྤྱི་ཟླ་༧ པའི་ཚེས་༡ ལས་ ལག་ལེན་འགོ་བཙུགས་ནི་ཨིན་མི་ ལྟེ་བ་ཚུ་ནང་ གཏང་ནི་ཨིནམ་ད་ ཁོང་ལུ་ འགོ་ཐོག་ ཟླཝ་༦ གི་རིང་ དངུལ་ཀྲམ་༤,༠༠༠ རེ་ གཞུང་གིས་ བྱིན་ནི་ཨིན་རུང་ དེ་གི་ཤུལ་ལས་ འབྲུག་འགྲེམ་གྱི་ ལམ་ལུགས་བསྟར་དུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༡༠,༠༠༠ རེ་ འཐོབ་ནི་ཨིནམ་མ་ཚད་ མི་སྡེ་ལུ་ཡང་ ཞབས་ཏོག་གི་ ལྷན་ཐབས་འབད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
ད་ཚུན་ ཡོངས་འབྲེལ་གཞུང་སྐྱོང་ལམ་ལུགས་ལས་འགུལ་གྱི་ ཡོངས་འབྲེལ་ཞབས་ཏོག་༨༩ ཡོད་པའི་ནང་ལས་ ཞབས་ཏོག་༥༩ གློག་རིག་ཡོངས་འབྲེལ་ཡོད་པའི་ ཞབས་ཏོག་ལྟེ་བ་ཚུ་ནང་ལས་ འཐོབ་ཚུགས་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment