༢༧/༠༦/༢༠༡༢ ༉ འབྲུག་གིས་ ན་ཧིང་ དངུལ་ཀྲམ་དུང་ཕྱུར་༣.༡ དེ་ཅིག་ གློག་མེ་ལས་འགུལ་ཚུ་དང་ གདུང་བསམ་རྩི་ས་ལས་འགུལ་གྱི་ སྐྱིན་འགྲུལ་བཏབ་ནི་ དེ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གཞུང་ལས་ ལེན་ཡོད་པའི་ སྐྱིན་འགྲུལ་ཚུ་གི་དོན་ལུ་ བུ་ལོན་བཏབ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ འབྲུག་གཞུང་གིས་ ཕྱི་ཁར་སྐྱིན་ཚབ་སྤྲོད་དགོ་པའི་ བུ་ལོན་ ཡོངས་བསྡོམས་དངུལ་ཀྲམ་དུང་ཕྱུར་༤༨.༦ ཡོདཔ་ད་ དུས་ཅི་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ རྩིས་ལོའི་ནང་ ཕྱི་ཁར་བུ་ལོན་བཏབ་དགོ་པའི་ མ་དངུལ་གནས་སྟངས་དེ་ དངུལ་ཀྲམ་དུང་ཕྱུར་༥༦.༥ ལུ་ལྷོད་ནི་གི་ འོས་འབབ་ཡོད་པའི་ཁར་ བུ་ལོན་གྱི་གནས་སྟངས་དེ་ རྒྱལ་ཡོངས་འོང་འབབ་ལས་ བརྒྱ་ཆ་༦༥ ཨིནམ་ད་ བུ་ལོན་དེ་ ན་ཧིང་དང་ཕྱདཔ་ད་ དངུལ་ཀྲམ་དུང་ཕྱུར་༨ ཀྱིས་ ཡར་སེང་འགྱོ་ནི་ཨིན་པས།
དེ་བཟུམ་སྦེ་ དུས་ཅི་གི་རྩིས་ལོ་ནང་ཡང་ སྐྱིན་འགྲུལ་གྱི་བུ་ལོན་ མ་རྩ་དང་སྐྱེད་༢ ཆ་ར་བསྡོམས་ཏེ་ དངུལ་ཀྲམ་དུང་ཕྱུར་༤ བཏབ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
འཆར་དངུལ་དཔྱད་ཡིག་དང་འཁྲིལཝ་ད་ བུ་ལོན་གྱི་གནས་སྟངས་ནང་ བརྒྱ་ཆ་༡༨.༥ དེ་ཅིག་ ཡར་སེང་འགྱོ་མི་དེ་ གཙོ་བོ་ར་ གློག་མེ་ལས་འགུལ་གྱི་དོན་ལུ་ མ་རྩ་གཞི་བཙུགས་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་ཡང་ གློག་མེ་ལས་འགུལ་ལུ་བརྟེན་ ལས་སྣ་མ་འདྲཝ་འགོ་འདྲེན་འཐབ་མི་གིས་ རྒྱ་གར་ལས་ མ་དངུལ་མ་རབས་ཅིག་ སྐྱིན་འགྲུལ་དང་ མ་དངུལ་གནང་བྱིན་ཐོག་ལས་ ལེན་མི་ཚུ་ ལ་ལུ་ཅིག་བུ་ལོན་གྱི་ གནས་རྩིས་ནང་ ཚུད་དེ་ཡོདཔ་ཨིན་ཟེར་ཨིན་པས།
དེ་དང་འབྲེལ་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་རྩིས་ལོའི་ནང་ ཕྱིར་ཚོང་ལུ་བརྟེན་པའི་ འོང་འབབ་ཀྱི་གནས་སྟངས་དེ་ཡང་ རྒྱལ་ཡོངས་འོང་འབབ་ལས་ བརྒྱ་ཆ་༢༡.༥ མར་བབས་སོང་ཡོདཔ་ད་ ཕྱིར་ཚོང་ལུ་བརྟེན་པའི་ འོང་འབབ་གནས་སྟངས་དེ་ ཕྱིར་ཚོང་ལས་འབྱུང་བའི་འོང་འབབ་དང་ ནང་འདྲེན་ལུ་ སོང་བའི་ཟད་འགྲོ་ ཁ་འཐབ་པའི་ གནས་རྩིས་དེ་ནང་ ཕྱིར་ཚོང་ལས་ ནང་འདྲེན་རྒྱ་ཆེ་དྲགས་ཡོད་པའི་ གནས་སྟངས་ཡོད་ནི་དེ་གིས་ ཕྱིར་ཚོང་ལུ་བརྟེན་པའི་ འོང་འབབ་ལུ་ མར་འབབ་ཀྱི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ནང་ མ་དངུལ་གནས་རྩིས་གཙོ་ཆེ་ཤོས་ར་ ཕྱིར་ཚོང་ལས་བྱུང་བའི་མ་དངུལ་དང་ མ་རྩའི་མ་དངུལ་ཚུ་ཨིནམ་ད་ མ་རྩའི་མ་དངུལ་དེ་ནང་ ཕྱི་ལས་གྲོགས་རམ་དང་ སྐྱིན་འགྲུལ་ཐོག་གི་མ་དངུལ་ དེ་ལས་ ཕྱི་རྒྱལ་ཁབ་ལས་ འབྲུག་ལུ་ཚོང་འབྲེལ་གྱི་དོན་ལུ་ མ་རྩ་བཙུགས་པའི་མ་དངུལ་ཚུ་ ཚུདཔ་ཨིན་པས།
རྒྱལ་ཁབ་ནང་ སྐྱིན་འགྲུལ་རྒྱ་ཆེ་དྲགས་ཡོད་དེ་འབད་རུང་ མ་རྩའི་མ་དངུལ་ནང་ གནས་སྟངས་ལེགས་ཤོམ་ཡོད་པའི་ མངོན་གསལ་བྱུང་དོ་ཡོདཔ་ལས་ འབྲུག་གིས་ སྤྱི་ལོ་༢༠༡༥ ཚུན་གི་རིང་ མ་རྩའི་མ་དངུལ་གྱི་གནས་རྩིས་དེ་ ཡར་སེང་གི་གནས་སྟངས་ཐོག་དང་ ཡང་ཅིན་ མར་ཉམས་མེད་པ་གནས་ནི་གི་ འོས་འབབ་ཡོདཔ་ཨིན་པས།་
དེ་འབདཝ་ད་ གློག་མེ་ལས་འགུལ་ལ་སོགས་པའི་ ལཱ་བྱ་སྣ་ཚོགས་འགོ་འདྲེན་འཐབ་མི་དེ་གིས་ ནང་འདྲེན་རྒྱ་ཆེཝ་སྦེ་ར་འབད་དགོཔ་ཐོན་མི་གིས་ ཕྱིར་ཚོང་ལུ་བརྟེན་པའི་ མ་དངུལ་གནས་རྩིས་ཀྱི་གནས་སྟངས་དེ་ ལོ་རེ་བཞིན་དུ་ མར་བབས་འགྱོ་ནིའི་ གོ་སྐབས་ཡོདཔ་ཨིན་པས།
ཕྱིར་ཚོང་གི་འོང་འབབ་མ་དངུལ་གནས་སྟངས་དེ་ མ་འོངས་ལོ་དག་པ་ཅིག་གི་རིང་ མར་བབས་ཐོག་གནས་པའི་ འོས་འབབ་ཡོདཔ་ད་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་རྩིས་ལོའི་ནང་ ཕྱིར་ཚོང་ལུ་བརྟེན་པའི་ འོང་འབབ་མ་དངུལ་གྱི་གནས་སྟངས་དེ་ རྒྱལ་ཡོངས་འོང་འབབ་ལས་ བརྒྱ་ཆ་༢༡ གིས་ མར་འགྱོ་འོང་ཟེར་ཨིན་པས།
དེ་ལས་ ཤུལ་མའི་ལོ་ནང་ བརྒྱ་ཆ་༢༣ གྱིས་མར་བབས་དང་ སྤྱི་ལོ་༢༠༡༣ དང་༢༠༡༤ གི་རྩིས་ལོའི་ནང་ བརྒྱ་ཆ་༣༡ གིས་ མར་འབབ་འགྱོ་ནི་གི་ འོས་འབབ་དང་ འདི་དང་འདྲཝ་སྦེ་ ཤུལ་མའི་རྩིས་ལོ་ནང་ བརྒྱ་ཆ་༣༤ གིས་ ཕྱིར་ཚོང་ལུ་བརྟེན་པའི་ འོང་འབབ་མ་དངུལ་གནས་སྟངས་ལུ་ མར་ཕབ་འགྱོ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment