གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་གྲོང་ཁྱེར་བཅའ་ཁྲིམས་༢༠༡༢ ཅན་མ་ ཆ་འཇོག་གྲུབ་ཡོདཔ།

༢༩/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ཕུལ་མི་ ཤེས་རིག་གྲོང་ཁྱེར་འཕྲི་སྣོན་དཔྱད་ཡིག་༢༠༡༢ ཅན་མ་གུ་ གྲོས་བསྡུར་གནང་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།


རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་བཟོའི་ཚོགས་ཆུང་གི་ ཁྲི་འཛིན་ ཨྱོན་དབང་འདུས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ ཤེས་རིག་གྲོང་ཁྱེར་འཕྲི་སྣོན་དཔྱད་ཡིག་༢༠༡༢ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་སྟེ་ ཤེས་རིག་གྲོང་ཁྱེར་ཟིན་བྲིས་ དོན་ཚན་༣༧ འཕྲི་སྣོན་མཛད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་ལས་ དོན་ཚན་༡༨ གུ་ འཕྲི་སྣོན་མཛད་ནུག་ཟེར་ཞུ་ཡི།
ཨིན་རུང་ དོན་ཚན་༤༢ པའི་ཡན་ལག་དོན་ཚན་དང་པ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་ལས་ སྔོན་མའི་ཟིན་བྲིས་ལྟར་བཞག་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ བཟོ་སྐྲུན་ལཱ་གི་དོན་ལུ་ ས་ཆ་གླ་ཁར་གཏང་ནི་དེ་  ལོ་ངོ་༩༠ ཚུན་བཞག་མི་དེ་ ཕྱིར་འབུད་མཛད་དེ་ སའི་བཅའ་ཁྲིམས་དང་འཁྲིལ་ ལོ་ངོ་༣༠ ཚུན་ བཞག་དགོཔ་སྦེ་ འཕྲི་སྣོན་མཛད་ནུག་ཟེར་ ཞུ་ཡི།
རྒྱལ་ཡོངས་ཚོགས་འདུ་གིས་ཕུལ་མི་ འཕྲི་སྣོན་དཔྱད་ཡིག་ དོན་ཚན་༤༢ པའི་ཡན་ལག་དོན་ཚན་༢ པ་ལུ་ གནད་དོན་ཁག་ལེ་ཤ་ཅིག་གསལ་བཀོད་འབད་ཐོག་ལས་ རྒྱབ་སྐྱོར་མིན་འདུག་ཟེར་ཞུ་ཡི།
མི་རྗེ་ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ རྒྱལ་ཡོངས་ཚོགས་སྡེ་གིས་ འཕྲི་སྣོན་དཔྱད་ཡིག་དེ་ དོན་གྱི་གྱུར་བ་མེད་པར་ ཚིག་བསྒྱུར་ལུ་འཕྲི་སྣོན་མཛད་ཡོདཔ་ལས་ འཕྲི་སྣོན་དཔྱད་ཡིག་དེ་ ཆ་འཇོག་གྲུབ་མི་གིས་ ཕྱག་ལཱ་གནང་མི་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ཞུ་ཡི།
མོང་སྒར་སྐྱེངས་མཁར་འཐུས་མི་གིས་ དོགས་བསལ་ཞུ་མིའི་ནང་ འབྲུག་གི་རིག་པའི་འབྱུང་གནས་བཅའ་ཁྲིམས་༢༠༡༢ སྦེ་ བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཞུ་ཡི།
གསོ་བའི་བློན་པོ་བཟང་ལེགས་འབྲུག་པ་གིས་ ཟིན་བྲིས་ནང་ བཞག་དོ་བཟུམ་སྦེ་ར་བཏུབ་པས་ཟེར་ཞུ་ཡོད་རུང་ ཚོགས་དཔོན་གྱིས་ དེ་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ སྟབས་མ་བདེཝ་མི་འཐོན་ནི་ཨིནམ་ལས་ སྐབས་ཅིག་ དེ་སྦེ་བཞག་རུང་ བཏུབ་པས་ཟེར་ཨིནམ་ད་ ཤུལ་ལས་ མིང་བསྒྱུར་བཅོས་འབད་ནིའི་གོ་སྐབས་ཡོདཔ་ལས་ ད་ལྟོ་གཞི་དོན་འདི་གི་ཐོག་ལུ་ ཆ་འཇོག་གྲུབ་ནི་ཟེར་གསུངས་ཡི།
ཤེས་རིག་གྲོང་ཁྱེར་བཅའ་ཁྲིམས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ཧེ་མ་རྒྱལ་ཡོངས་ཚོགས་འདུའི་ནང་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ལས་ ཁ་ཙ་ཡང་ འཐུས་མི་ཚུ་གིས་ ཕྱག་ཡར་སེང་འབད་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

No comments:

Post a Comment