དེ་ཡང་ སྐྱེས་ལོ་༤༤ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ གཞལམ་སྒང་རྫོང་ཁག་ནང་ལས་ཨིནམ་བཞིན་དུ་ སྣུམ་འཁོར་གྱི་ དེད་གཡོགཔ་སྦེ་ ཐིམ་ཕུ་ལུ་ སྡོད་དོ་ཡོདཔ་ཨིན་པས།
དེ་ཚེ་ ཤི་རྐྱེན་བྱུང་བའི་སྐབས་ ཇིན་གྱི་ དོརམ་ཅིག་དང་ ཁྲ་ཡོད་མི་ ཁེན་འཇར་གྱོན་ཏེ་འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་དེ་ ཁོ་རའི་ སྣུམ་འཁོར་ནང་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ ཁོ་རའི་ ཆ་རོགས་ཀྱིས་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་ཅིག་ལུ་ སླབ་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིན་པས།
ཚེ་འདས་ཀྱི་ ཆ་རོགས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་བཀོད་མི་ ངག་བརྗོད་དང་འཁྲིལ་བ་ཅིན་ དེ་ཚེ་ཕྱི་རུ་ ཚེ་འདས་ཀྱི་ གནས་ཚང་གིས་ ཚེ་འདས་དེ་ ཁྱིམ་ནང་མ་ལྷོད་པའི་སྐོར་ལས་དང་ ཁོ་འབད་སར་ མ་ལྷོད་ག་ཟེར་ དྲི་བའི་ཤུལ་ལུ་ ཁོ་འཚོལ་བར་སོང་ཡི་ཟེར་ཨིན་པས།
དེ་ཅིག་བར་ན་ ཚེ་འདས་ཀྱི་ སྣུམ་འཁོར་དེ་ འཁོར་ལམ་གྱི་ཟུར་ཁར་ བཀག་བཞག་ཡོདཔ་མཐོང་སྟེ་ བལྟ་བར་འགྱོ་བའི་བསྒང་ལས་ ཁོ་ར་ སྣུམ་འཁོར་ནང་ར་ ཤི་ཡོདཔ་སྦེ་ ངོས་འཛིན་བྱུང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་དེ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ བརྒྱུད་འཕྲིན་ལྷོདཔ་ཅིག་ ས་གོ་ནང་ སྨན་ཁང་གི་ བརྟག་དཔྱད་པ་ཚུ་ཡང་ཁྱིད་དེ་ བལྟ་བར་སོང་ཡི་ཟེར་ཨིནམ་ད་ ཚེ་འདས་ཕོ་སྐྱེས་དེ་ ཆང་ཤུགས་ཐལ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ ཁ་ལས་ཡང་ ལེ་ཤ་སྐྱུགས་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ གཞན་གྱིས་ གནོད་པ་བཀལ་བའི་ དོགས་པ་མེད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ས་གོ་ནང་ སྨན་ཁང་གི་ བརྟག་དཔྱད་པ་དང་ ཚེ་འདས་ཀྱི་ གནས་ཚང་དང་ སྤུན་ཆ་ཚུ་ འཛོམས་ཐོག་ལུ་ བརྟག་དཔྱད་འབད་ཡོདཔ་མ་ཚད་ དེ་ཚེ་ར་ བཟའ་ཚང་ནང་མི་ཚུ་ལུ་ ཚེ་འདས་ཀྱི་ཕུངམ་ རྩིས་སྤྲོད་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment