གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༧ པ་ལས་ ནང་སྡོད་སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡར་སེང་རྐྱབ་ནི།


༉ རྒྱལ་ཡོངས་ཚོགས་སྡེ་ནང་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་དང་གཅིག་ཁར་ དྲི་བཀོད་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བློན་པོ་གིས་འབད་བ་ཅིན་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ཏེ་ ནང་སྡོད་སློབ་ཕྲུག་རེ་ལུ་ ལྟོ་ཕོགས་དངུལ་ཀྲམ་༣༠༠ རེ་ ཡར་སེང་རྐྱབ་ནི་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ ཤེས་རིག་བློན་པོ་ལུ་ དྲི་བཀོད་འབད་མིའི་ནང་ མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ་སྦོམ་ཡོདཔ་ལས་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ སློབ་ཁང་གཅིག་ནང་བཞག་སྟེ་ སློབ་སྟོན་འབད་དགོཔ་ཐོན་མི་དེ་གིས་ ཤེས་རིག་གི་སྲིད་བྱུས་དང་ ཤེས་རིག་ལྷན་ཁག་གི་ དམིགས་ཡུལ་ཚུ་ འགྲུབ་ཚུགས་ག་ཟེར་ཞུ་ཡི།


དེའི་ལན་ལུ་ བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཤེས་རིག་ཡོན་ཏན་དེ་ མེདཔ་ཐབས་མེད་པའི་ གཞི་རྩ་ངོ་མ་ཅིག་ཨིན་ དེ་ཡང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དང་ མི་སྡེ་ཡར་རྒྱས་གཏང་ནི་ ལམ་སྲོལ་བདག་འཛིན་འཐབ་ནི་ དེ་ལས་ སྲིད་བྱུས་དང་འཆར་གཞི་ཚུ་ བརྩམ་ནིའི་དོན་ལུ་ ཤེས་རིག་ཡོན་ཏན་དེ་ གནད་དོན་གལ་ཅན་ཅིག་ཨིནམ་ལས་ འཆར་གཞི་བཅུ་པའི་དམིགས་ཡུལ་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་བཞིན་དུ་ ཤེས་རིག་ལྷན་ཁག་གིས་ ཕྱག་ཞུ་སྟེ་ར་ཡོད་ཟེར་ཞུ་ཡི།
འཆར་གཞི་བཅུ་པའི་དམིགས་གཏད་བཞིན་དུ་ རྒྱལ་ཁབ་ནང་ སློབ་གྲྭ་༢༠༠༠ ལྷགཔ་ཅིག་ཡོད་མི་ཚུ་ནང་ སློབ་སྟོན་པ་༩༠༠༠ དེ་ཅིག་ཡོདཔ་མ་ཚད་ གྲོང་གསེབ་དང་ ཁྲོམ་སྡེ་ཚུ་ནང་ སྐྱེས་ལོ་༦ ལང་མི་ ཨ་ལུ་ཚུ་ག་ར་ སློབ་གྲྭ་ནང་ མིང་ཐོ་བཀོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༩༨ དེ་ཅིག་ འབད་ཚར་ཡི་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཨྱོན་གུ་རུ་རིན་པོ་ཆེའི་སྦས་གནས་ཁྱད་པར་ཅན་ འབྲུག་རྒྱལ་ཁབ་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བྱོན་ཞིནམ་ལས་ཚུར་ ནང་པའི་ཆོས་ཀྱི་བསྟན་པ་ འགོ་ཐོག་གཞི་བཙུགས་མཛད་དེ་ དར་ཁྱབ་བཏང་ཡོདཔ་མ་ཚད་ ཤུལ་ལས་ རྒྱལ་བརྒྱུད་འཛིན་པའི་ རྒྱལཔོ་རིམ་བྱོན་ཚུ་གིས་ དེང་སང་གི་ ཤེས་རིག་ལམ་ལུགས་དང་སྲིད་བྱུས་ཚུ་ གཞི་བཙུགས་མཛད་གནངམ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ཞི་བདེ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ཞུ་ཡི།
དེ་འབདཝ་ལས་ སྤྱི་ལོ་༢༠༡༢ ཟླ་༥ པའི་ཚེས་༢ ལུ་ རྒྱལ་ཁབ་ནང་ དམིགས་བསལ་གྱི་ ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་མི་དེ་ སྤྱི་ལོ་༢༠༡༣ གྱི་ ཟླཝ་༥ པ་ཚུན་ ཨིན་ཟེར་ཞུ་ཡི།
ཀྲོང་གསར་གྱི་འཐུས་མི་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ གྲོང་གསེབ་ལས་ཕར་ སློབ་ཕྲུག་ཨ་ལུ་ཆུང་ཀུ་ཚུ་ སློབ་གྲྭའི་ཉལ་ཁང་ནང་སྡོདཔ་ད་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ ཨ་ལུ་ཚུ་ ཉེན་སྲུང་ཅན་དང་ ཟས་བཅུད་ལྡན་པའི་ ལྟོ་ཕོགས་བྱིན་ནིའི་དོན་ལུ་ ཐབས་བྱུས་དང་ འཆར་གཞི་ཚུ་ ག་དེ་སྦེ་ བརྩམས་ཏེ་ཡོད་ག་ཟེར་ཞུ་ཡི།
དེ་ལུ་ བློན་པོ་གིས་ ཤེས་རིག་གི་ སྲིད་བྱུས་དང་ འཆར་གཞིའི་དམིགས་ཡུལ་དང་འཁྲིལ་ཏེ་ སློབ་ཕྲུག་ཚུ་ ཤེས་རིག་སྤུས་ཚད་ཅན་བཟོ་ནིའི་དོན་ལུ་ སློབ་དཔོན་ཚུ་ཡང་ ལོ་བསྟར་བཞིན་དུ་ རྒྱལ་ཡོངས་ཤེས་རིག་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འབད་དོ་ཡོདཔ་བཞིན་དུ་ སློབ་གྲྭ་ཚུ་ནང་ཡང་ བཏང་དོ་ཟེར་ཨིནམ་མ་ཚད་ སློབ་ཕྲུག་བདག་འཛིན་འཐབ་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་ལས་ སློབ་གྲྭ་ཁག་ཚུ་ནང་ བུཚ་དང་བུམོ་གཉིས་ཆ་རའི་དོན་ལུ་ བདག་འཛིན་འཐབ་མི་ཚུ་ བཏང་དོ་ཟེར་ཞུ་ཡི།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༡ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཨོ་རོང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་ ཉེན་སྲུང་དང་ཟད་བཅུད་ལྡན་པའི་ ལྟོ་མ་འཐོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་མི་ལུ་ སེམས་ཕམ་སྦོམ་བྱུང་ཡི་ཟེར་ཨིནམ་ད་ ད་ལས་ཕར་ གསོ་བ་དང་ སོ་ནམ་ དེ་ལས་ ཤེས་རིག་ལྷན་ཁག་གསུམ་མཐུན་འབྲེལ་ཐོག་ལས་ ནང་སྡོད་སློབ་ཕྲུག་ཚུ་ལུ་ ཉེན་སྲུང་དང་ ཟད་བཅུད་ལྡན་པའི་ལྟོ་བྱིན་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཞུ་ཡི།
མགར་སའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ རྒྱལ་ཁབ་ནང་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལུ་ མི་ཕྱུགཔོ་ཚུ་གིས་ རང་སོའི་ཨ་ལུ་ཚུ་ རྒྱ་གར་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ མཐོ་རིམ་ཤེས་ཚད་ལྷབ་པར་ བཏང་དོ་ཡོདཔ་ཨིན་རུང་ མི་ཉམ་ཆུང་ཚུ་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ད་ལས་ཕར་ ཕྱིའི་རྒྱལ་ཁབ་ཚུ་ནང་ མཐོ་རིམ་ཤེས་ཡོན་ལྷབ་པར་ འགྱོ་མ་དགོ་པར་ རྒྱལ་ཁབ་ནང་འཁོད་ལུ་ར་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཚུ་ལུ་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བཅུག་ནིའི་དོན་ལུ་ འཆར་གཞི་ཚུ་ ག་དེ་སྦེ་ར་ ཡོད་ག་ཟེར་ཞུ་ཡི།
དེའི་ལན་ལུ་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ སྤྱིར་བཏང་མི་སེར་ག་རའི་དོན་ལུ་ རྒྱལ་ཁབ་ནང་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཚུ་གིས་ མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་བཅུག་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ སྲིད་བྱུས་དང་འཆར་གཞི་ཚུ་ རྩམ་པའི་བསྒང་ཡོདཔ་མ་ཚད་ འབྲུག་གི་ཤེས་རིག་གྲོང་ཁྱེར་དཔྱད་ཡིག་༢༠༡༡ ཅན་མ་དེ་ སྤྱི་ཚོགས་ནང་ བཙུགས་ཡོདཔ་ལས་ དེ་གིས་ ཕན་ཐོགས་ཚུགས་ཟེར་ཞུ་ཡི།
དེ་དང་འབྲེལ་ ཤེས་རིག་བློན་པོ་གིས་ ད་ཚུན་ ནང་སྡོད་སློབ་ཕྲུག་ཚུ་ལུ་ ཟླ་རིམ་ལྟོ་ཕོགས་ དངུལ་ཀྲམ་༧༠༠ རེ་བྱིན་མི་དེ་ སྤྱི་ཟླ་༧ པའི་ནང་ལས་ དངུལ་ཀྲམ་༣༠༠ རེ་ ཡར་སེང་རྐྱབ་ནི་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment