རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བ་གིས་ རྒྱབ་སྐྱོར་ཐོག་ལས་
ཆུ་རུད་དང་ རླུང་འཚུབས་ལྟ་རྟོག་འབད་ནིའི་འཕྲུལ་ཆས་ལག་ལེན་གྱི་ སྦྱོང་བརྡར་འབད་བའི་བསྒང་། |
རྐྱེན་ངན་བྱུང་མི་ རྒྱལ་ཁབ་ཚུ་ ཧིན་དུ་ཀཱུཤ་གངས་ལྗོངས་ནང་ གནས་མི་ཚུ་ཨིནམ་ད་ དེ་ཡང་ གངས་ལྗོངས་ཀྱི་ཆགས་ཚུལ་དེ་ སྒང་ཏོག་ཁར་འབདཝ་ལས་ དེ་ཁ་ལས་བབས་པའི་ ཁཝ་དང་ཁྱེགས་མཛོད་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཆུ་རུད་ཐོན་ཏེ་ གངས་ལྗོངས་ནང་གནས་པའི་ རྒྱལ་ཁབ་༨ ནང་ ཆུ་རུད་དང་འབྲེལ་བའི་ རྐྱེན་ངན་གྱིས་ མི་དང་ སེམས་ཅན་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ད་ རྒྱལ་ཁབ་༨ ཀྱི་གྲངས་སུ་ འབྲུག་ཡང་ཚུདཔ་ཨིན་པས།
དེ་བཟུམ་གྱི་དཀའ་ངལ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བ་ཟེར་མི་ ལས་ཚོགས་ཅིག་གིས་ འཐུས་མི་རྒྱལ་ཁབ་༨ ནང་ ཆུ་རུད་དང་ རླུང་འཚུབས་ལྟ་རྟོག་འབད་ནིའི་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་བའི་བསྒང་ཡོདཔ་ད་ ད་ལྟོ་ རྒྱལ་ཁབ་༨ ལུ་ འཕྲུལ་ཆས་ཡོངས་བསྡོམས་༣༦ གཞི་བཙུགས་འབད་མི་ལས་ འབྲུག་ལུ་འཕྲུལ་ཆས་༡༠ ཡོད་མི་ལས་༦ གཙང་ཆུའི་ཚད་གཞི་བལྟ་ནི་དང་ འཕྲུལ་ཆས་༢ གནམ་གཤིས་ལྟ་རྟོག་འབད་མི་ཨིནམ་ད་ དེ་ཚུ་ རྒྱལ་སྤྱི་གངས་རི་གོང་འཕེལ་ལྟེ་བ་གིས་ རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་རུད་དང་ གནམ་གཤིས་ལྟ་རྟོག་ལས་ཁུངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་གིས་ རྒྱལ་ཁབ་ཀྱི་ གཙང་ཆུའི་ཚད་གཞི་ ལྟ་རྟོག་འབད་ཚུགས་པའི་ཁར་ ཆུ་བྲེས་པ་ཅིན་ ཆུའི་མཐའ་མར་སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ནི་ལུ་ ཕན་པ་སྦོམ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༢༠ ལས་ རྒྱལ་ཁབ་ཀྱིས་ གློག་མེ་མེ་ག་ཝཱཊ༡༠,༠༠༠ གཞི་བཙུགས་འབད་ནི་ཨིན་མི་ཚུ་ གཙང་ཆུ་ལུ་བརྟེན་དོ་ཡོདཔ་ད་ གལ་སྲིད་ གཙང་ཆུ་བྲེས་པའི་སྐོར་ལས་ བརྡ་དོན་དུས་ཚོད་ཁར་ མ་ལྷོད་པ་ཅིན་ གློག་མེ་འཕྲུལ་ཁང་ཚུ་ མེདཔ་གཏང་ནིའི་ ཉེན་ཁག་ཡོདཔ་ལས་ འཕྲུལ་ཆས་དེ་ ད་རེས་ དགོས་མཁོ་ཆེ་བའི་ནམ་དུས་ལུ་ཐོབ་སྟེ་ ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ དེ་བཟུམ་གྱི་འཕྲུལ་ཆས་མེདཔ་ལས་ གཙང་ཆུའི་ཚད་གཞི་ཚུ་གི་སྐོར་ལས་ མི་གིས་བལྟ་བའི་སྐབས་ ངེས་བདེན་མེདཔ་ལས་ གཙང་ཆུ་བྲེས་རུང་ བརྡ་དོན་ལེགས་ཤོམ་ སྤེལ་མ་ཚུགསཔ་ལས་ ཆུའི་མཐའ་མར་སྡོད་མི་ཚུ་ལུ་ ཉེན་བརྡ་ལེགས་ཤོམ་འབད་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དེ་བསྒང་ལས་ར་ དེ་བཟུམ་གྱི་ འཕྲུལ་ཆས་ཚུ་ཡོད་པ་ཅིན་ དབུས་ཕྱོགས་རྒྱལ་ཁབ་ནང་ མིའི་ཚེ་སྲོག་ལུ་ གནོད་རྐྱོན་བྱུང་མི་ལས་བཀག་ཚུགསཔ་འོང་ཟེར་ ཞི་གཡོགཔ་ཚེ་རིང་གིས་ བཤད་ཅི།
ད་རེས་ ཉེན་བརྡ་འཕྲུལ་ཆས་ ལག་ལན་ལེགས་ཤོམ་སྦེ་ འཐབ་ནིའི་སྐོར་ལས་ རྒྱལ་སྤྱི་གངས་རི་ལྟེ་བ་གིས་ འབྲུག་མི་༢༠ ལྷགཔ་ཅིག་ལུ་ སྦྱོང་བརྡར་ལས་རིམ་ཅིག་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ད་ དེ་ནང་ བཅའ་མར་གཏོགས་མི་ཚུ་གིས་ གཙང་ཆུ་བྲེས་པའི་སྐབས་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ གཙང་ཆུའི་མཐའ་མར་སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ནིའི་སྐོར་ལས་ སྦྱོང་བརྡར་འབད་དོ་ཡོདཔ་ད་ ཉིནམ་༢ ཀྱི་ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
རྒྱལ་སྤྱི་གངས་རི་ལྟེ་བའི་ ཆུ་རུད་མཁས་མཆོག་ ཨེམ་ཨེས་ཝ་ཧིད་ཀྱིས་འབད་བ་ཅིན་ འབྲུག་ལུ་ ཉེན་བརྡ་འཕྲུལ་ཆས་གཞི་བཙུགས་འབད་མི་དེ་གིས་ ཆུ་རུད་དང་འབྲེལ་བའི་རྐྱེན་ངན་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་ཁར་ ལྟེ་བ་དེ་གིས་ འཐུས་མི་རྒྱལ་ཁབ་ཚུ་ལས་ རང་བཞིན་གྱི་ རྐྱེན་ངན་ཚུ་གི་སྐོར་ལས་ གནས་སྡུད་བསྡུ་སྒྲིག་འབད་དེ་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ བརྗེ་སོར་འབད་ནི་ཟེར་ཨིནམ་ད་ དེའི་ཕན་པ་དེ་ དཔེར་ན་ འབྲུག་གི་གཙང་ཆུའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་དགོ་པ་ཅིན་ རྒྱ་ནག་དང་གཅིག་ཁར་ མཐུན་ལམ་དགོཔ་ལས་ རྒྱལ་ཁབ་༢ ཀྱི་བར་ན་ བརྡ་དོན་བརྗེ་སོར་འབད་ནིའི་དོན་ལུ་ ལྟེ་བ་གིས་ གྲོགས་རམ་འབད་དོ་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment