རྩིས་ལོ་དེ་ནང་ ཟད་འགྲོ་ཁུངས་ལྡན་གྱི་ ཐབས་ལམ་གསལ་བཀོད་འབད་མི་དང་འཁྲིལཝ་ད་ ད་ལྟོ་ འབད་བཞིན་དུ་ཡོད་པའི་ལཱ་ཚུ་ མཇུག་བསྡུ་ནི་ལུ་ གཙོ་བོར་བཏོན་ཏེ་ འཆར་གཞི་༡༡ པའི་ནང་ ལཱ་འབད་མ་ཚར་བར་ལུས་ནི་ཨིན་མི་ལས་དོན་གསརཔ་ཚུ་ འགོ་མི་བཙུགས་ཟེར་ཞུ་ཡི།
དེ་ལས་ འབྲུག་གཞུང་གི་མ་དངུལ་ཐོག་ལས་ ནང་ཆས་དང་ གློག་རིག་ ཀམ་པུས་ཊར་ཉོ་ནི་གི་འཆར་དངུལ་དེ་ སློབ་གྲྭ་ཚུ་གི་དོན་ལུ་ རྐྱངམ་གཅིག་མ་གཏོགས་ གཞན་ནང་མེདཔ་མ་ཚད་ རྩིས་ལོ་དེ་ནང་ སྣུམ་འཁོར་ཉོ་ནི་དང་ ལས་གཡོག་པའི་སྡོད་ཁྱིམ་རྐྱབ་ནི་ ལྕགས་ར་སྒོར་ནི་ རྩིགཔ་རྐྱབ་ནི་དང་ སྒོ་ར་སྒོ་བཟོ་སྐྲུན་འབད་ནི་ཚུ་ལུ་ཡང་ མ་དངུལ་མེད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ མགྲོན་སྐྱོང་དང་ སྤྲོ་སྟོན་འཆར་དངུལ་དེ་ ཧེ་མ་དང་ཕྱདཔ་ད་ བརྒྱ་ཆ་༢༠ མར་ཕབ་རྐྱབ་ཅི་ཟེར་ཨིནམ་མ་ཚད་ ནང་འཁོད་འགྲོ་འགྲུལ་གྱི་འཆར་དངུལ་ དེ་ཡང་ བརྒྱ་ཆ་༡༠ མར་ཕབ་དང་ ཚོང་བསྒྲགས་ཀྱི་འཆར་དངུལ་ཚུ་ཡང་ མར་ཕབ་འབད་ཡོདཔ་མ་ཚད་ ལོ་བསྟར་ཞལ་འཛོམས་ཀྱི་འཆར་དངུལ་ཚུ་ མེད་ཟེར་ཞུ་ཡི།
འདི་དང་འབྲེལ་ རྩིས་ལོ་དེ་ནང་ མ་དངུལ་ཐོན་ཁུངས་ ནང་འཁོད་འོང་འབབ་ཀྱི་ གསལ་སྟོན་ཚོད་རྩིས་དང་འཁྲིལ་བ་ཅིན་ རྩིས་ལོ་དེ་ནང་གི་ ནང་འཁོད་འོང་འབབ་བརྒྱ་ཆ་༡༠ དེ་ཅིག་གིས་ ཡར་སེང་ཐོག་ དངུལ་ཀྲམ་ས་ཡ་༢༡,༡༥༧.༤༥༧ དེ་ཅིག་ འོང་ནི་ཨིན་མི་གིས་ རྒྱུན་སྐྱོང་ཟད་འགྲོ་ ཡོངས་རྫོགས་ལང་ཚུགས་པའི་ འོས་འབབ་འདུག་ཟེར་ཞུ་ཡི།
ནང་འཁོད་འོང་འབབ་དེ་ གཙོ་བོ་ར་ ཁྲལ་དང་ ཁྲལ་མིན་འོང་འབབ་ཚུ་ལུ་བརྟེན་ འབྱུང་ནི་ཨིནམ་ལས་ ཁྲལ་གྱི་འོང་འབབ་ བརྒྱ་ཆ་༡༣ དེ་ཅིག་ ཡར་སེང་འགྱོ་ནི་གི་ འོས་འབབ་འདུག་ཟེར་ཨིནམ་ད་ ཁྲལ་གྱི་འོང་འབབ་ནང་ མང་ཆེ་ཤོས་ར་ འོང་འབབ་ཁྲལ་ཚུ་ནང་ ཡར་སེང་གི་ གསལ་སྟོན་ཚོད་རྩིས་ཡོད་ཟེར་ཞུ་ཡི།
རྩིས་ལོ་དེ་གི་ ཐོན་ཁུངས་ཡོངས་བསྡོམས་ལས་ བརྒྱ་ཆ་༣༤ ཕྱི་ལས་ གནང་བྱིན་མ་དངུལ་ཚུ་ཨིནམ་ད་ ཚོད་རྩིས་དང་འཁྲིལཝ་ད་ མ་དངུལ་ས་ཡ་༡༠,༦༩༡.༢༤༡ དེ་ཅིག་ གནང་བྱིན་མ་དངུལ་སྦེ་འཐོབ་ནི་ཨིནམ་ལས་ ད་ཚུན་གྱི་རིང་ ཕྱིའི་གྲོགས་རམ་འབད་མི་རྒྱལ་ཁབ་ཚུ་དང་ གནང་བྱིན་མ་དངུལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ ཚོད་རྩིས་ བཏོན་ཡི་ཟེར་ཞུ་ཡི།
ནང་འཁོད་འོང་འབབ་དང་ ཕྱིའི་གནང་བྱིན་ཐོག་གི་ ཐོན་ཁུངས་ཡོངས་བསྡོམས་ མ་དངུལ་ དངུལ་ཀྲམ་ས་ཡ་༣༡,༨༩༡.༠༤༢ ཐོབ་མི་དེ་གིས་ རྒྱུན་སྐྱོང་ཟད་འགྲོ་ཚོད་རྩིས་ དངུལ་ཀྲམ་ས་ཡ་༡༨,༢༦༢.༦༣༠ ཡོད་མི་དེ་ འགབ་ཚུགས་པས་ཟེར་ཞུ་ཡི།
བློན་པོ་གིས་གསུངས་མིའི་ནང་ རྩིས་ལོ་༢༠༡༢ དང་༢༠༡༣ གྱི་ རྒྱུན་སྐྱོང་མ་དངུལ་དེ་ འདས་པའི་རྩིས་ལོ་དང་ཕྱདཔ་ད་ བརྒྱ་ཆ་༥ དེ་ཅིག་གིས་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ལས་བྱེདཔ་གསར་བསྐོ་འབད་ནི་དང་ མི་མང་གཞི་རྟེན་མཁོ་ཆས་ཚུ་གི་རྒྱུན་སྐྱོང་ལུ་ འཆར་དངུལ་ མཐོ་སུ་བཞག་མི་ལུ་བརྟེན་ཏེ་ ཨིནམ་མ་ཚད་ སློབ་ཕྲུག་ཚུ་གི་ ཟླ་རིམ་གླ་འཐུས་བསྐྱར་བཟོ་འབད་དེ་ ཡར་སེང་འབད་མི་དང་ ཚོགས་པའི་དངུལ་ཕོགས་ཡར་སེང་འབད་མི་ཚུ་ཡང་ རྒྱུན་སྐྱོང་མ་དངུལ་ནང་ ཚུད་དེ་ ཡོདཔ་ཨིན་ཟེར་ཞུ་ཡོད་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment