སྤྱི་ལོ་༡༦༣༧ ལུ་ མེ་མཆོད་བཞེས་ཏེ་ ལོག་གསར་བཞེངས་འབད་དེ་ མི་ལོ་༦༠ གི་ཤུལ་ལས་ སཡོམ་གྱིས་ གནོད་སྐྱོན་རྐྱབ་ནུག།
ཁ་ཙ་ མེ་རྐྱེན་མ་ཤོར་བའི་ཧེ་མར་མཇལ་ཚུགས་མི་ དབང་འདུས་ཕོ་བྲང་རྫོང་གི་མཐོང་སྣང་། |
༉ སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ སྒང་ཏོག་གུ་ཆགས་མི་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ལོ་༡༦༣༨ ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཤར་དར་བརྒྱད་ཀྱི་ རྫོང་ཁག་ལྟེ་བ་སྦེ་ བཞེངས་གནང་ཡོདཔ་ལས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ཤུལ་ལུ་ རྫོང་གཞིས་༣ པ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ སྤུ་ན་ཁ་ ཁྱི་མེད་ལྷ་ཁང་ནང་ བཞུགས་པའི་སྐབས་ ཨ་རྒས་ཁམས་ལོག་སི་སི་ཅིག་གིས་ ད་ལྟོའི་ དབང་འདུས་ཕོ་བྲང་གི་ རི་གླངམོ་ཆེ་ཉལ་སྡོད་སྡོདཔ་བཟུམ་མའི་གུ་ རྫོང་ཅིག་བཞེངས་པ་ཅིན་ རྒྱལ་ཁབ་དབང་དུ་འདུ་ནི་གི་ ཐུགས་རེ་ཡོད་མི་དེ་ འགྲུབ་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
ཞབས་དྲུང་གི་ ཐུགས་ཁ་ལུ་ ལུང་བསྟན་གནང་མི་ ཨ་རྒས་དེ་ དཔལ་ཡེ་ཤེས་མགོན་པོའི་ སྤྲུལ་པ་ཨིནམ་འོང་ནི་མས་མནོ་སྟེ་ མི་བཟང་པོ་ཅིག་ ས་གོ་དེ་ནང་ བལྟ་བར་བཏང་ཡོདཔ་ད་ དེ་བསྒང་ མི་དེ་གིས་ ས་གནས་དེ་ཁའི་ སྦོ་ལོགས་ཁར་ལྷོདཔ་ད་ བྱ་ཨོ་རོག་༤ རི་དེ་གི་ལྟག་ལས་ ལྡིང་བསྐོར་རྐྱབ་སྡོད་སར་མཐོང་ནུག། ཁོ་ ས་གནས་དེ་ཁར་ལྷོདཔ་ད་ བྱ་དེ་ཚུ་ ཕྱོགས་བཞི་ལུ་ འཕུར་འགྱོ་སར་མཐོང་སྟེ་ ལོག་ཁྱི་མེད་ལྷ་ཁང་ནང་ སོང་ཞིནམ་ལས་ ལོ་རྒྱུས་ཚུ་ ཞབས་དྲུང་ལུ་ཞུ་ནུག།
དེ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ དེ་སྦེ་མཐོང་གསལ་བྱུང་མི་དེ་ རྟགས་མཚན་བཟང་པོ་ཨིན་པའི་ ཐུགས་བཞེད་གནང་སྟེ་ སྤྱི་ལོ་༡༦༣༨ ལུ་ གཙང་ཆུ་༢ འཛོམས་སའི་སྦུག་ལུ་ དབང་འདུས་ཕོ་བྲང་རྫོང་བཞེངས་ནི་ འགོ་བཙུགས་ཏེ་ དབང་དང་ ཤར་དར་བརྒྱད་ དེ་ལས་ རིན་ཆེན་སྒང་གི་ མི་སེར་ཚུ་གིས་ རྫོང་གསར་བཞེངས་ནང་ གྲོགས་རམ་འབད་ནུག།
ད་རུང་ ངག་རྒྱུན་ལོ་རྒྱུས་གཞན་ཅིག་ བཤད་སྲོལ་ཡོད་མི་དང་འཁྲིལཝ་ད་ ཞབས་དྲུང་དེ་ ཆུ་༢ འཛོམས་སའི་ ས་གོ་ནང་ཕེབས་ད་ བུཚ་ཆུང་ཀུ་ཅིག་གིས་ བྱེམ་གྱིས་སྦེ་ ཕོ་བྲང་ངམ་ བཙན་རྫོང་ཅིག་བཞེངས་སར་ གཟིགས་ཡོདཔ་ད་ བུཚ་དེ་གི་མིང་ དབང་འདུས་ཨིནམ་ལས་ རྫོང་གི་མིང་ཡང་ དབང་འདུས་ཕོ་བྲང་སྦེ་ བཏགས་གནང་ནུག་ཟེར་ཨིན་པས།
རྫོང་གཞི་དེ་ནང་ སྒོ་ལམ་གསུམ་དང་ རྡོ་གཅལ་གསུམ་ཡོདཔ་བཞིན་དུ་ སྒོ་དང་པ་འཛུལ་སྒོ་ངོ་མ་ཨིན་པའི་ཁར་ སྒོ་༢ པའི་ནང་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་ཚུ་ཡོདཔ་ད་ སྒོ་གསུམ་པའི་ནང་ བྱུང་རབས་དང་ལྡན་པའི་ སྐུ་རྟེན་གསུང་རྟེན་བྱིན་ཅན་ཚུ་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན་པས།
ལོ་ངོ་ལེ་ཤ་ཅིག་གི་ཤུལ་ལས་ རྫོང་དེ་ སྡེ་སྲིད་༤ པ་ བསྟན་འཛིན་རབ་རྒྱས་ཀྱིས་ རྒྱ་བསྐྱེད་མཛད་དེ་ ཧེ་མ་ ཞབས་དྲུང་གིས་ དབུ་རྩེ་ཐོག་བཞི་བཀལ་ཡོད་མི་གུ་ ད་རུང་ དབུ་རྩེ་ཐོག་གཉིས་འབད་མི་ བཀལ་གནང་ནུག། དེ་བསྒང་ རྫོང་རྒྱ་བསྐྱེད་ཀྱི་ལཱ་ཚུ་ རྫོང་དཔོན་དགེ་འདུན་ཆོས་འཕེལ་གྱིས་ འགོ་འདྲེན་འཐབ་ཡོད་པའི་ ལོ་རྒྱུས་དང་ དབང་འདུས་རྫོང་དཔོན་༧ པ་ བསོད་ནམས་ལྷུན་གྲུབ་ཀྱིས་ཡང་ རྫོང་གི་ཁྱིམ་ཧེང་སྐལ་རྐྱབ་ཡོདཔ་ཨིན་པས།
ཤུལ་ལས་ བཀའ་དབང་སངས་རྒྱས་ཀྱིས་ དབང་རྫོང་རྒྱ་བསྐྱེད་འབད་ཡོདཔ་མ་ཚད་ དབང་རྫོངཔ་ཨ་ཅོ་བོདཔ་གིས་ རྫོང་དེ་ ཁ་ཙ་ མེ་མཆོད་མ་བཞེས་པའི་ཧེ་མར་ཡོད་མི་ བཟོ་བཀོད་ཐོག་ལུ་ བཞེངས་ཡོད་པའི་ལོ་རྒྱུས་འདུག།
སྤྱི་ལོ་༡༨༣༧ ལུ་ རྫོང་དེ་ལུ་ མེ་རྐྱེན་སྦོམ་བྱུང་སྟེ་ ལོག་བཞེངས་ཡོདཔ་མ་ཚད་ བླམ་གནས་བརྟན་ དཔལ་ལྡན་སེངྒ་གི་སྐབས་ལུ་ ས་ཡོམ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ མེདཔ་བཏང་ཡོདཔ་ལས་ ཉམས་གསོ་ཞུ་དགོཔ་ ཐོན་ཡོདཔ་ད་ རྫོང་དཔོན་དོམ་ཆུང་གིས་ཡང་ རྫོང་ཉམས་གསོ་ཞུ་ཡོད་པའི་ ལོ་རྒྱུས་ཚུ་ཡང་འདུག།
དེ་མ་ཚད་ དབང་འདུས་རྫོང་དེ་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་སྐབས་ལུ་ མགྲོན་གཉེར་པདྨ་དབང་འདུས་ཀྱི་ ལྟ་རྟོག་ཐོག་ལུ་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
རྫོང་དེ་ སྤྱི་ལོ་༡༩༩༧ དང་༢༠༠༣ གྱི་བར་ན་ ཉམས་གསོ་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༩༧-༩༨ ལུ་ རྫོང་ནང་ནའི་ གློག་ཐག་ཚུ་ གསརཔ་བཙུགས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༥-༢༠༠༦ ལུ་ཡང་ རྫོང་ཉམས་གསོ་ཞུ་ནུག།
སྤྱི་ལོ་༢༠༠༩ ལས་ རྫོང་ཉམས་སྲུང་གི་ལཱ་དེ་ རྫོང་གི་ལྷོ་ཕྱོགས་དང་ དབུས་ཕྱོགས་ལས་ འགོ་བཙུགས་ཡོདཔ་ད་ ལོ་ངོ་༢ ཀྱི་ནང་འཁོད་ལུ་ རབ་སྡེ་གྲྭ་ཚང་གི་དོན་ལུ་ སློབ་གྲྭ་དང་ གྲྭ་ཤག་ཚུ་ རྐྱབ་ཡོདཔ་ལས་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རབ་སྡེ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་༩༦ རྫོང་གི་ཕྱི་ཁར་ སྤོ་བཤུད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ཟླཝ་༩ པའི་ནང་ ས་ཡོམ་རྐྱབ་ད་ རྫོང་ལུ་ཉམས་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་ ལཱ་ངོ་མ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༡༣ ཟླཝ་༦ པའི་ནང་ མཇུག་བསྡུ་ནི་གི་ དམིགས་འཆར་བསྐྱེད་ཡོདཔ་ད་ རྫོང་ཉམས་གསོའི་དོན་ལུ་ རྒྱ་གར་གཞུང་གིས་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་༢༠༠ གྲོགས་རམ་བྱིན་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༨༤ དེ་ཅིག་ གྲྭ་ཤག་དང་ ཐབ་ཚང་ གསང་སྤྱོད་ཚུ་ རྐྱབ་ནིའི་དོན་ལུ་ ལག་ལེད་འཐབ་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment