མི་ཚུ་གིས་ བསྡུ་བསྒྱོམ་འབད་མི་ ཤིང་དུམ་ཚུ། |
གལ་སྲིད་ ཤིང་དུམ་རག་རོ་ཚུ་ བསྡུ་བསྒྱོམ་འབད་དགོ་པ་ཅིན་ མི་སེར་ཚུ་གིས་ ནགས་ཚལ་ལས་ཁུངས་ནང་ལས་ ཆོག་ཐམ་བཏོག་དགོཔ་ཨིན་པས།
སྤུ་ན་ཁའི་ ནགས་ཚལ་འགོ་དཔོན་ཀརྨ་གིས་ སླབ་མིའི་ནང་ མ་གཞི་ ཤིང་ཚུ་ ཆུ་རུད་ཀྱིས་ འཕྱག་བདའ་འོང་འོངམ་ཨིན་རུང་ ནགས་ཚལ་གྱི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཆོག་ཐམ་བཏོག་ཐོག་ལས་ འཐུ་དགོཔ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
ལོ་འགོ་དང་མ་ལས་ སྐྱེས་ལོ་༦༧ ལང་མི་ ཨཔ་ཞན་ཁོག་གིས་ ཧེ་མ་འབད་བ་ཅིན་ ཆུ་རུད་ཐོན་པའི་སྐབས་ཀྱི་ ཤིང་དུམ་ཚུ་ རང་དབང་གི་ཐོག་ལས་ བསྡུ་བསྒྱོམ་འབད་ནི་ཡོདཔ་ལས་ ད་ལྟོ་ཡང་ དེ་སྦེ་ར་ཨིནམ་འོང་མནོ་སྟེ་ འཐུ་བར་འོང་ཡི་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ ཤིང་བསྡུ་བསྒྱོམ་འབད་ སྡོད་པའི་བར་ན་ར་ ནགས་ཚལ་འགོ་དཔོན་ཚུ་ འོང་ཞིནམ་ལས་ ཆོག་ཐམ་མ་བཏོག་པ་ཅིན་ ཤིང་བསྡུ་བསྒྱོམ་འབད་མི་ཆོག་ཟེར་སླབ་སྟེ་ ཤིང་འཐུ་ནི་ལས་ བཀག་བཞག་ཅི་ཟེར་ཨིན་པས།
ས་གནས་ནང་ལས་ ཨམ་དཔལ་མོ་གིས་འབད་བ་ཅིན་ ཧེ་མ་ ཆུ་རུད་ཐོན་པའི་སྐབས་ལུ་ མི་སེར་ཚུ་ ཁ་སླབ་ཞིནམ་ལས་ ཆུ་རུད་ཀྱིས་ འཕྱག་འབག་མི་ ཤིང་ཚུ་ བསྡུ་བསྒྱོམ་འབད་དེ་ བགོ་བཤའ་རྐྱབ་ནི་ཡོདཔ་ད་ དེ་བསྒང་ ནགས་ཚལ་གྱི་མི་ཚུ་ ས་གནས་ནང་ འོང་ནི་མེདཔ་ལས་ ཆོག་ཐམ་ཡང་ བཏོག་ནི་མེད་ཟེར་ཨིན་པས།
ཤིང་ཚུ་ ཆུ་རུད་ཀྱིས་ འཕྱག་འབག་འོང་བའི་ དུས་ཚོད་ལུ་ གཙང་ཆུའི་མཐའ་མ་ལས་ ཁྱིམ་ནང་བསྐྱལ་ནི་དེ་ ལཱ་འཇམ་མས་ཟེར་ཨིན་པས།
སྤུ་ན་ཁའི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཉིན་གྲངས་༢ ཀྱི་ ནང་འཁོད་ལུ་ ཤིང་དུམ་རག་རོ་གི་ ཆོག་ཐམ་ བཏོག་མི་ གཡུས་མི་༡༥ དེ་ཅིག་ལུ་ ཆོག་ཐམ་སྤྲོད་ཡོད་པའི་གནས་ཚུལ།
མགར་ས་ལས་ ཡེ་ཤེས་སྒྲོལ་མ།
No comments:
Post a Comment