དེ་ཡང་ གཏེར་ཁ་༡༠ རིན་བསྡུར་འབད་དེ་ བཙོང་ཐོག་ལས་ ས་གཏེར་གྱི་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་བཅུག་པ་ཅིན་ རུ་པིའི་འོང་འབབ་བཟོ་ཚུགས་ཟེར་ཨིན་པས།
༉ ས་གཏེར་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་འོང་འབབ་བཟོ་ཐབས་ལུ་དམིགས་ཏེ་ འབྲུག་ལྷོ་མཚམས་ཀྱི་ ས་མཚམས་བདའ་སྟེ་ གཏེར་ཁ་ཕྱིར་བཏོན་འབད་དེ་ ཕྱི་ཁར་བཙོང་ནིའི་དོན་ལུ་ རྡོ་དཀར་ཌོ་ལོ་མ་ཡེཊ་གི་ ས་ཁོངས་གསརཔ་༥ དང་ རྡོ་བཏོན་ས་ཁོངས་གསརཔ་༥ རིན་བསྡུར་ཐོག་ བཙོང་ནི་གི་ གྲོས་འཆར་ཕུལ་ཡོདཔ་ལས་ གཞུང་གི་གནང་བ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
དེ་ཡང་ གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ད་ལྟོ་ ལྷན་ཁག་དང་ ལས་ཁུངས་ཁག་ཚུ་དང་ གྲོས་བསྟུན་གྱི་དོན་ལུ་བཏང་ཡོདཔ་ད་ ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་གཡང་ལེགས་ཀྱིས་ སླབ་མིའི་ནང་ ས་གཏེར་དེ་གཉིས་ཀྱི་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ཐོག་ལས་ རུ་པིའི་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
སྤྱིར་བཏང་ས་གཏེར་ཚུ་གི་གྲས་ལས་ རྡོའི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་མ་ཆོགཔ་མེདཔ་ལས་ རྡོ་བཏོན་གྱི་ ལས་སྣ་ཚུ་ རིན་བསྡུར་ཐོག་ བཙོང་ནི་ལུ་ བྱ་སྟབས་མ་བདེཝ་མི་འཐོན་ནི་ཨིན་རུང་ ཌོ་ལོ་མ་ཡེཊ་རྡོ་དཀར་ཚུ་གི་ ཐད་ལུ་ལྷོདཔ་ད་ གཞུང་གིས་ འོས་འབབ་གཟིགས་གནང་དགོཔ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༠༦ ལས་ཚུར་ རྡོ་མིན་པའི་ གཏེར་ཁའི་རིགས་ ཕྱིར་བཏོན་འབད་དེ་ ཐད་ཀར་དུ་ ཕྱིར་བཙོང་འཐབ་མ་ཆོག་ནི་དེ་གིས་ཨིན་ཟེར་ ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ལམ་ལུགས་དང་འཁྲིལ་བ་ཅིན་ ས་གཏེར་ཚུ་ ཐོན་སྐྱེད་འབད་ཞིནམ་ལས་ ལེགས་བསྒྱུར་ཐོག་ གནས་གོང་ཅན་བཟོ་བའི་ཤུལ་ལུ་རྐྱངམ་གཅིག་ ཕྱི་ཁར་བཙོང་ཆོག་ནི་ཨིན་པས།
ད་ལྟོ་ ཌོ་ལོ་མ་ཡེཊ་རྡོ་དཀར་ཕྱིར་བཏོན་ཐོག་ ཕྱིར་ཚོང་འཐབ་མི་ ལས་སྡེ་ཕུད་རྡོག་གཅིག་ལས་བརྒལ་མེད་མི་དེ་ སྤྱི་ལོ་༢༠༠༥ ལུ་ རིན་བསྡུར་ཐོག་ དུས་ཡུན་ལོ་ངོ་༡༥ གི་རིང་ གླ་ཁར་སྤྱོད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༩༠ སྦེ་ སྤྲོད་ཡོདཔ་ད་ ལས་སྡེ་དེ་གིས་ ལོ་རེའི་ནང་ རྡོ་དཀར་མེ་ཊིག་ཊཱོན་ས་ཡ་༡ དེ་རེ་ ཕྱི་ཁར་ བཙོང་དོ་ཡོདཔ་ཨིན་པས།
ལོ་ངོ་༡༥ གི་ གླར་སྤྱོད་དུས་ཚོད་ཚང་ཞིནམ་ལས་ གཏེར་ཁ་ཕྱིར་བཏོན་འབད་ནི་ཚུ་ བསྐྱར་གསོ་འཕྲོ་མཐུད་འབད་རུང་ ཕྱིར་ཚོང་དེ་ ཆ་མེད་འགྱོ་འོང་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
གཏེར་ཁའི་ས་གོ་གསརཔ་ཚུ་ གཞུང་གིས་ གནང་བ་གྲོལ་བ་ཅིན་ དུས་ཡུན་ལོ་༥ གི་རིང་མ་གཏོགས་ ཕྱིར་བཙོང་འཐབ་ནི་གི་ཆོག་ཐམ་མི་སྤྲོད་ནི་ཨིནམ་ད་ ལོ་༥ ཚང་ཞིནམ་ལས་ གཏེར་ཁ་ཚུ་ འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་གི་ ཆོག་ཐམ་བསྐྱར་གསོ་འབད་རུང་ ཕྱིར་བཙོང་དེ་ བསྐྱར་གསོ་མི་འབད་ནི་ཨིན་པས།
ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འབྲུག་ལུ་ ཌོ་ལོ་མ་ཡེཊ་རྡོ་དཀར་གྱི་ གཏེར་ཁ་མེ་ཊིག་ཊཱོན་དུང་ཕྱུར་༡༠ དེ་ཅིག་ཡོདཔ་ལས་ དེ་ནང་ལས་ གཏེར་ཁའི་ས་ཁོངས་༥ དེ་ཅིག་ རིན་བསྡུར་ཐོག་ དུས་ཡུན་ལོ་༥ གི་རིང་ ཕྱིར་བཙོང་འཐབ་མི་དེ་གིས་ འབྲུག་གི་ ས་གཏེར་གྱི་གསོག་འཇོག་ལུ་ གནོད་པ་མི་འོང་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གནང་པ་ཅིན་ དེ་དང་འབྲེལ་བའི་ཞིབ་འཚོལ་དང་ འོས་འབབ་བལྟ་ཞིབ་ཚུ་ འབད་དགོཔ་ལས་ དེ་དང་གཅིག་ཁར་ མ་དངུལ་ཀྱི་ གྲོས་འཆར་ཚུ་ཡང་ སྟབས་གཅིག་ཁར་ བཙུགས་ཡོད་ཟེར་ཨིན་པས།
དཔལ་འབྱོར་མཁས་མཆོག་ཅིག་གིས་ སླབ་མིའི་ནང་ ལས་འགུལ་དེ་ཚུ་ གསརཔ་ཨིནམ་ལས་ ལཱ་འགོ་མ་བཙུགསཔ་ལས་ ཁེ་ཕན་གནས་སྟངས་ཚུ་ཡང་ དབྱེ་དཔྱད་འབད་དགོཔ་དེ་ གལ་ཆེ་ནི་ཨིན་མི་དེ་ཡང་ ཁེ་ཕན་དང་འབྲེལ་བའི་ བརྟག་དཔྱད་མ་འབད་བ་ཅིན་ མོ་བཏབ་དོ་བཟུམ་ཅིག་ལུ་ འགྱུར་འོང་ཟེར་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment