གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་གསརཔ་དེ་ ས་ཡོམ་དང་ མེའི་འཇིགས་པ་ཚུ་ལས་ ཐུབ་ཚུགསཔ་སྦེ་བཞེངས་ནི།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དབང་རྫོང་གི་འཚིགས་ཤུལ་ནང་ གཟིགས་ཞིབ་གནང་པའི་བསྒང་།
༢༩/༠༦/༢༠༡༢   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ དབང་འདུས་ཕོ་བྲང་རྫོང་ཁག་གི་ འགོ་དཔོན་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་གནང་པའི་སྐབས་ རྫོང་གསརཔ་དེ་ ས་ཡོམ་དང་ མེ་རྐྱེན་གྱི་ འཇིགས་པ་ཚུ་ལས་ ཐུབ་ཚུགསཔ་སྦེ་ རྐྱབ་དགོ་ཟེར་གསུངས་ཡི།


བློན་ཆེན་གྱིས་ གསུངས་མིའི་ནང་ རྫོང་གསར་བཞེངས་སྐབས་ ཤིང་ཆས་ཚུ་ ག་དེ་དྲག་དྲག་ མར་ཕབ་འབད་དེ་ བཟོ་སྐྲུན་གྱི་ཅ་ཆས་ རྩི་ས་ལ་སོགས་པ་ཚུ་ མང་སུ་སྦེ་ ལག་ལེན་འཐབ་དགོཔ་ཨིན་རུང་ བཟོ་བཀོད་ཚུ་ རང་ལུགས་ཐོག་ལུ་ར་ བཞག་དགོ་ཟེར་ཨིན་པས།
ད་རེས་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མི་ལུ་བརྟེན་ འབྲུག་མི་དང་ དབང་འདུས་ཕོ་བྲང་གི་ མི་སེར་རྐྱངམ་གཅིག་གིས་མ་དོ་བར་ འབྲུག་འདི་ ཕྱིའི་རྒྱལ་ཁབ་ཚུ་དང་ མཐུན་ལམ་ལེགས་ཤོམ་ཡོད་པའི་ རྒྱལ་ཁབ་ཅིག་འབད་བ་ལུ་བརྟེན་ རྒྱལ་ཁབ་གཞན་ཚུ་ལུ་ཡང་ བློ་ཕམ་བྱུང་ནུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཨིན་རུང་ རྫོང་གི་དོན་ཧིང་བཟུམ་ཅིག་ ནང་རྟེན་གྱི་ ནོར་བུ་ཚུ་ཨིནམ་ལས་ དེ་ཚུ་ སྔར་ག་ཨིནམ་སྦེ་ ཉེན་སྐྱོབ་འབད་ཚུགས་ནི་དེ་གིས་ སེམས་དགའ་དགོཔ་ད་ མི་སེར་ཚུ་གིས་ དེ་བཟུམ་མའི་ ཚ་གྱང་འབག་མི་དེ་ རྫོང་གཞིས་དེ་ལུ་ དད་གུས་དང་ བརྩེ་བ་ དག་སྣང་ཡོད་པའི་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་པས་ཟེར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ཧེ་མར་ རྫོང་ཉམས་གསོ་ཞུ་ནི་ འགོ་བཙུགས་པའི་སྐབས་ལུ་ཡང་ གཞུང་ལུ་ མ་དངུལ་ལངམ་སྦེ་ མེད་ནི་དེ་གིས་ འཆར་གཞི་ཚུ་ཡང་ ལེགས་ཤོམ་སྦེ་ བརྩམས་མ་ཚུགས་མི་ལུ་བལྟ་སྟེ་ སེམས་ཕམ་བྱུང་ཡི་ཟེར་ཨིནམ་ད་ གཞན་འབད་བ་ཅིན་ རྫོང་གཞིས་ཀྱི་ གྱང་རྩིག་མེདཔ་ཐལ་མི་ཚུ་ ཨ་ཙི་རེ་སྦེ་མེན་པར་ རྡོ་གཅལ་གྱི་ རིམ་པ་ཚུན་ ལོག་བཤུབ་ཞིནམ་ལས་ ལོག་རྐྱབ་ཚུགས་ཡོད་པ་ཅིན་ ལེགས་ཤོམ་འོང་ནིའི་ མཐོང་སྣང་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཉམས་གསོའི་ལཱ་གི་ གྲུབ་འབྲས་གཟིགས་ཞིབ་གནང་པར་ བྱོནམ་ད་ཡང་ ཤིང་གི་སྤུས་ཚད་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ སེམས་ཕམ་བྱུང་ཡོད་རུང་ དེ་ལུ་ འབད་ཐབས་ཅིག་ ག་ཅི་ཡང་ མ་བྱུང་ཟེར་གསུངས་ཡི།
ཞལ་འཛོམས་ཀྱི་སྐབས་ མ་གཞི་ རྫོང་གཞིས་དེ་ལུ་ ཧེ་མ་ཡང་ མེ་རྐྱེན་དང་ ས་ཡོམ་གྱིས་ གནོད་སྐྱོན་ཚུ་ བྱུང་ཡོདཔ་ལས་ ད་རེས་འགོ་དང་པ་མེན་རུང་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཅན་མ་བྱུང་པར་ ལོ་ལེ་ཤ་སོང་ཡོདཔ་མ་ཚད་ འཛམ་གླིང་གི་ ས་ཡོམ་མཁས་མཆོག་ཚུ་གིས་ ས་ཡོམ་ཤུགས་ཅན་འབྱུང་ནི་སྦེ་ སླབ་ཡོདཔ་ལས་ དུས་ནམ་འབད་རུང་ འབྱུང་སྲིད་ནི་ཨིནམ་ལས་ དེ་ལུ་ གྲ་སྒྲིག་འབད་དགོཔ་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ དེ་བཟུམ་མའི་ རྐྱེན་ངན་ཚུ་ བྱུང་པ་ཅིན་ རྒྱལ་ཁབ་ནང་ཡོད་མི་ ལྷ་ཁང་དང་ རྫོང་གཞིས་རྙིངམ་ལེ་ཤ་ཅིག་ལུ་ གནོད་སྐྱོན་འབྱུང་ཉེན་ཡོདཔ་ལས་ གལ་སྲིད་ རྐྱེན་ངན་དེ་ཚུ་ བྱུང་པ་ཅིན་ ག་དེ་སྦེ་ ལོག་རྐྱབ་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཚུ་ཡོད་ཟེར་ཨིནམ་ད་ དབང་འདུས་རྫོང་ལོག་གསར་བཞེངས་འབད་བའི་སྐབས་ དེ་ནང་ མེའི་ཉེན་བརྡ་འཕྲུལ་ཆས་དང་ ཆུ་གཏོར་འཕྲུལ་ཆས་ཚུ་ཡང་ བཙུག་ནི་ཟེར་གསུངས་ཡི།
སྤྱི་ཟླ་༦ པའི་ཚེས་༢༦ ལུ་ བློན་ཆེན་ཁོ་ར་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ བཞུགས་པའི་སྐབས་ འཛམ་གླིང་སྤྱི་ཚོགས་ལས་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ར་ འབད་དགོཔ་ཡོད་ག་ཟེར་བའི་ ཡི་གུ་ཅིག་ ཐོབ་ཡོདཔ་མ་ཚད་ ཇ་པཱན་རྒྱལ་ཁབ་ལས་ཡང་ བརྒྱུད་འཕྲིན་ཚུ་ ལྷོདཔ་མས་ཟེར་གསུངས་ཡི།
རྫོང་བདག་གི་ སྡོད་ཁྱིམ་དང་ དགེ་སློང་ཚུ་ གསོལ་ཚོགས་བཞེས་ས་ དེ་ལས་ མཆོད་ཁང་ཚུ་ འཕྲལ་ར་རྐྱབ་དགོཔ་ཡོདཔ་ལས་ དེ་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ལས་ གྲོགས་རམ་མ་དངུལ་ ཡུ་ཨེསི་ཌོ་པར་༥༠,༠༠༠ ཐོབ་ཡོད་མི་ཚུ་ཡང་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསལ་བཤད་འབད་ཡི།
མེ་རྐྱེན་ངན་ལུ་བརྟེན་ རྫོང་ནང་སྡོད་མི་ དགེ་སློང་༡༧ གྱི་ ཅ་ཆས་ཚུ་ ག་ཅི་ཡང་ ཐོབ་མ་ཚུགསཔ་ལས་ གྲྭ་ཚང་ལྷན་ཚོགས་ཀྱིས་ རྒུས་འཐུས་ཚུ་ སྤྲོད་ཡོདཔ་མ་ཚད་ ཉེན་སྲུང་མ་དངུལ་དང་ གདན་མལ་ཆ་ ན་བཟའ་ཚུ་ཡང་ ཕུལ་ནི་སྦེ་སླབ་ཅི།
ཞལ་འཛོམས་ཀྱི་སྐབས་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྫོང་གསར་བཞེངས་ཀྱི་དོན་ལུ་ མི་སེར་ཚུ་གིས་ཡང་ རྒྱབ་སྐྱོར་གང་དྲག་འབད་ནི་སྦེ་ ཞུ་ཡོདཔ་ཨིན་རུང་ བློན་ཆེན་གྱིས་ ད་རེས་ཀྱི་ གནས་སྟངས་ནང་ གཡུས་ཁར་སྡོད་མི་ཚུ་ མང་ཤོས་ཅིག་ར་ རྒན་རྒས་ཚུ་འབདཝ་ལས་ སྦུང་བསྒུལ་གྱི་ཐོག་ལས་ རྒྱབ་སྐྱོར་འབད་མི་ཚུགས་ནི་ཨིནམ་ལས་ ལཱ་དེ་ གཞུང་གིས་ར་ འབད་འོང་ཟེར་གསུངས་ཡི།
ད་རེས་ རྫོང་གྱང་འཁོགས་ཐོན་ཡོད་མིའི་ནང་ འཚོལ་ཞིབ་དང་ ཞིབ་དཔྱད་ཀྱི་ལཱ་ཚུ་ འབད་ཚར་བའི་བསྒང་ལས་ རྫོང་གསར་བཞེངས་ཀྱི་ལཱ་ འགོ་བཙུག་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ ཉི་མ་དབང་འདུས།

No comments:

Post a Comment