གྲོས་བསྡུར་ནང་ སྤ་རོའི་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ བསལ་ནིའི་སྐོར་ལས་ཨིན་རུང་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ ཁྲལ་དེ་མཐོ་དྲག་ནི་དེ་གིས་ གྲོས་འཆར་ནང་ བརྒྱ་ཆ་༤༠ ཡོད་མི་ལས་ བརྒྱ་ཆ་༢༠ ལུ་མར་ཕབ་འབད་ དགོཔ་འདུག་ཟེར་ཞུ་ཡི།
ཨིན་རུང་ ཆང་ཁྲལ་མར་ཕབ་ཀྱི་དོན་ལུ་ གྲོས་འཆར་ནང་བཀོད་མི་དེ་ལུ་ རྒྱབ་སྐྱོར་ཧྲིལ་པོ་ཡོད་རུང་ ཁྲལ་གཞན་གྱི་རིགས་ལུ་ ཁྲལ་ཡར་སེང་འབད་དགོ་པའི་ འོས་འབབ་མེདཔ་ལས་ དགོངས་ཡངས་གནང་དགོཔ་འདུག་ཟེར་ཞུ་ཡི།
འཐུས་མི་མང་ཤོས་ཅིག་གིས་ སྣུམ་འཁོར་ཤུགས་ཚད་ སི་སི་༡༨༠༠ སྔོ་ལྗང་གི་ཁྲལ་དེ་ དུམ་གྲ་ཅིག་ སེང་དགོཔ་སྦེ་ཞུ་ཡི།
བུམ་ཐང་གི་འཐུས་མི་ ཀརྨ་དབང་ཕྱུག་གིས་འབད་བ་ཅིན་ དུས་རྒྱུན་དུ་ ཉེ་བར་མཁོ་བའི་ཅ་ཆས་ཚུ་ལུ་ ཁྲལ་མ་བཀལ་བར་ སྣུམ་འཁོར་གྱི་ཐད་ལུ་ བརྒྱ་ཆ་༤༠ ལས་༢༠ གུ་ མར་ཕབ་རྐྱབ་སྟེ་ བཀལ་དགོ་པའི་རྒྱབ་སྐྱོར་ཞུ་ཡི།
བཀྲ་ཤིས་གཡང་རྩེའི་འཐུས་མི་ གྲུབ་ཐོབ་ཀྱིས་ རྒྱ་གར་གྱི་ རུ་པིའི་དཀའ་ངལ་བསལ་ནི་དང་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་ དམིགས་ཡུལ་༢ འགྲུབ་དགོ་པ་ཅིན་ ཤུགས་ཚད་སི་སི་ལུ་མ་བལྟ་བར་ སྣུམ་འཁོར་ཆ་མཉམ་ལུ་ ཁྲལ་ཤོ་མཚུངས་སྦེ་ བཀལ་དགོཔ་འདུག་ཟེར་ཞུ་མི་ལུ་ བསམ་གྲུབ་ལྗོངས་མཁར་ འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ རྒྱབ་སྐྱོར་ཕུལ་ཡི།
དེ་འབདཝ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ད་རེས་ གཞུང་གིས་ ཁྲལ་སེང་དགོ་པའི་རྒྱབ་ཁུངས་ཚུ་ ཁ་གསལ་སྦེ་ ཤེས་རྟོགས་མ་བྱུང་ནི་དེ་གིས་ ཐད་ཀར་དུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི།
དགོན་ཁ་སྟོད་ལ་ཡ་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ཡང་ ད་ལྟོ་ རྒྱལ་ཁབ་ནང་ ཁྲལ་གྱི་རིགས་ཚུ་ ག་ཅི་ཡང་ བཀལ་ནིའི་དུས་ཚོད་ཁར་ མ་ལྷོད་ཟེར་ཞུ་ཡི།
ཚོགས་ཁང་ནང་ འཐུས་མི་༡༥ ལྷགཔ་ཅིག་གིས་ ཞུ་མིའི་གྲས་ལས་ མང་ཤོས་ཅིག་གིས་ ཆང་གི་ཁྲལ་ཚུ་ གྲོས་གཞི་དང་འཁྲིལ་ཏེ་བཀལ་དགོ་པའི་སྐོར་ལས་ རྒྱབ་སྐྱོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་རུང་ མི་སྡེ་ལུ་ཕན་ཐོགས་པའི་ སྐྱེལ་འདྲེན་བཱསི་དང་ པིག་ཨབ་བཟུམ་དང་ མཁོ་ཆས་གཞན་ཚུ་ལུ་ རྒྱབ་སྐྱོར་འབད་མི་མ་ཐོནམ་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཆང་གི་སྐོར་ལས་དེ་ མ་གཞི་ འཐུས་མི་མང་ཤོས་ཅིག་གིས་ གྲོས་འཆར་དང་འཁྲིལ་ ཡར་སེང་དགོ་པའི་རྒྱབ་སྐྱོར་ཞུ་རུང་ ཆང་ཁྲལ་དེ་ རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ མཐོ་ཤོས་བརྒྱ་ཆ་༡༠ དེ་ཅིག་ལས་ སེང་ནི་མེད་པའི་ཁར་ རྒྱལ་ཁབ་ནང་ འདས་པའི་ལོ་ལུ་ བརྒྱ་ཆ་སྦོམ་སྦེ་ར་སེང་ཡོད་ནི་དེ་གིས་ གནས་སྐབས་ཅིག་ བཤོལ་བཞག་འབད་ནི་སྦེ་ ཐག་བཅད་གནང་ཡི།
ཚོགས་དཔོན་གྱིས་ སྣུམ་འཁོར་ཁྲལ་བརྒྱ་ཆ་༥ དང་༢༠ བཀལ་དགོ་པའི་ཐོག་ལུ་ གསང་བའི་ཚོགས་རྒྱན་སྐྱུར་ནིའི་གོ་སྐབས་གནང་པའི་ཤུལ་ལུ་ འཐུས་མི་༣༣ གྱིས་ དགོ་དང་༤ གིས་ མི་དགོ་ དེ་ལས་༣ ཆད་ལུས་ཡོད་པའི་སྐོར་ལས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མ་དེ་ ཁྲལ་བསྐྱར་བཟོའི་བཅའ་ཁྲིམས་༢༠༡༢ ཅན་མ་སྦེ་ ཆ་འཇོག་གྲུབ་གནང་ཡི།
ཨིན་རུང་ འཐུས་མི་མང་ཤོས་ཅིག་གིས་ ཆང་ཁྲལ་ཡར་སེང་འབད་དགོ་པའི་ བསམ་འཆར་ཕུལ་མི་ལུ་ ཚོགས་དཔོན་གྱིས་ ངོས་ལེན་འབད་མ་བཏུབ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment