གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་མ་ལང་པའི་ དཀའ་ངལ་ཐོན་མི་དེ་ གནད་དོན་ཆུང་ཀུ་ཨིན་ན?


དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ 

རུ་པི་གི་གནད་དོན་སྐོར་ལས་ གསལ་བཤད་འབད་བའི་བསྒང་།
༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ཀྱི་ལས་རིམ་ནང་ དྲི་བ་དང་པ་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་གྱི་སྐོར་ལས་འབདཝ་ལས་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ དྲི་བ་དེ་གི་སྐོར་ལས་ ཧེ་མ་ཡང་ གསུང་གྲོས་ལེ་ཤ་ཅིག་ར་ གནང་ནི་དེ་གིས་ དྲི་བ་དེ་ གསརཔ་མེན་ཟེར་གསུངས་ཡི།
ཨིན་རུང་ དམངས་གཙོའི་རིང་ལུགས་ནང་ དེ་བཟུམ་མའི་ གོ་སྐབས་མ་བྱིན་པར་ བཞག་ཐབས་མེདཔ་ལས་ གོ་སྐབས་སྤྲོད་དགོཔ་ཐོན་ཡི་ཟེར་གསུངས་ཡི།

རུ་པིའི་དཀའ་ངལ་ལུ་བརྟེན་ རྒྱལ་ཁབ་ནང་ མི་ལུ་ཤི་རྐྱེན་བྱུང་བྱུངམ་ཡང་མེདཔ་ལས་ གནད་དོན་དེ་ ག་དེམ་ཅིག་ ཁག་ཆེཝ་སྦེ་ བརྩི་འཇོག་འབད་དགོ་པའི་དོན་དག་ མ་ཤེས་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།

ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཁོ་གི་དྲི་བ་དེ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་ཏེ་ ཟླཝ་༦ དེ་ཅིག་ ལང་ཡོདཔ་ལས་ དཀའ་ངལ་དེ་གི་འགན་ཁུར་དང་ འཁྲི་འགན་ཚུ་ ག་ལུ་ཕོགཔ་ཨིན་ནའི་སྐོར་ལས་འབད་ནི་དེ་གིས་ དྲི་བ་དེ་ གསརཔ་ཨིན་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དཀའ་ངལ་དེ་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་དང་ ཚོང་པ་ཚུ་ལུ་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ཐོན་མི་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ གནོད་ནི་ཨིན་པའི་སྐོར་ལས་ དྲི་བ་ཚུ་ བཀོད་མི་དང་གཅིག་ཁར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ འཕྲོ་མཐུད་དེ་ར་ སྐྱིན་འགྲུལ་ལེན་མི་དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ རང་དབང་གི་ སྲུང་སྐྱོབ་ལུ་གནོད་པའི་ ཚ་གྱང་ཡོད་ལུགས་ཚུ་ཡང་ཞུ་ཡི།
དྲི་བ་དེ་གི་ལན་ལུ་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ རྒྱལ་ཁབ་ནང་ རུ་པི་མ་ལང་མི་དེ་གིས་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་ཅིག་ ག་ཅི་ཡང་ ཐོན་ཐོནམ་མེད་ཟེར་ཞུཝ་མ་ཚད་ དེ་བཟུམ་མའི་ དཀའ་ངལ་ཆུང་ཀུ་རེ་ ཐོན་མི་དེ་ རང་བཞིན་ཅིག་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མ་གཞི་ གཞུང་གིས་ ཆང་བི་ཡར་དང་ སྣུམ་འཁོར་ དེ་ལས་ ཁྱིམ་ནང་གི་ འཛིན་ཆས་ནང་འདྲེན་འབད་ནི་ཚུ་ བཀག་དམ་འབད་ཡོདཔ་མ་གཏོགས་ གཞན་མཁོ་གལ་ཆེ་བའི་ སློབ་ཕྲུག་དང་ ཁག་འབགཔ་ སོ་ནམ་ བཟོ་གྲྭ་ཁང་ དེ་ལས་ ཚོང་འབྲེལ་ཚུ་གི་དོན་ལུ་ རྒྱ་གར་གྱི་ཏི་རུ་ཚུ་ མཁོ་འདོད་དང་བསྟུན་ཏེ་ སྤྲོད་དོ་ཟེར་ཞུ་ཡི།
ཨིན་རུང་ དངུལ་ཁང་ཚུ་ལས་ རྒྱ་གར་གྱི་ཏི་རུ་ལེན་པའི་སྐབས་ རྒྱབ་གནོན་ཡིག་ཆ་ཚུ་ བཏོན་དགོ་པའི་ ལམ་ལུགས་བཟོ་མི་རྐྱངམ་གཅིག་མ་གཏོགས་ བཀག་ཆ་འབད་འབདཝ་མེད་ཟེར་ཨིནམ་ད་ རྒྱལ་ཁབ་གཞན་ཚུ་ནང་ ཕྱི་རྒྱལ་གྱི་ཏི་རུ་ཚུ་ དངུལ་ཁང་ཚུ་ནང་ལས་རྐྱངམ་གཅིག་ ཐོབ་ཚུགསཔ་ད་ དེ་ཡང་ རང་སོའི་ རྒྱབ་གནོན་ཡིག་ཆ་ཚུ་བཏོན་ཐོག་ལས་ ལེན་དགོ་མི་དེ་ རྒྱལ་སྤྱིའི་ལམ་ལུགས་ཅིག་ཨིནམ་ལས་ དེ་ལུ་ ངོས་ལེན་འབད་དགོཔ་འོང་ཟེར་ཞུ་ཡི།
སྐྱིན་འགྲུལ་གྱི་ཐད་ལུ་ལྷོདཔ་ད་ ད་ལྟོ་ གློག་མེ་འཕྲུལ་ཁང་བཟོ་སྐྲུན་ཚུ་ རྒྱ་གར་ལས་ སྐྱིན་འགྲུལ་དང་ གྲོགས་རམ་ཚུ་གི་ཐོག་ལས་སྦེ་ རྐྱབ་དོ་ཡོདཔ་ལས་ སྐྱིན་འགྲུལ་ཚུ་ གློག་མེ་འཕྲུལ་ཁང་ཚུ་ བཟོ་སྐྲུན་འབད་ཚར་ཞིནམ་ལས་མ་གཏོགས་ ལོག་བཏབ་མི་དགོ་ཟེར་ཞུ་ཡི།
དེ་དང་འཁྲིལ་ ད་ཚུན་ རྒྱལ་ཁབ་ཀྱི་ སྐྱིན་འགྲུལ་ཚུ་ ཚད་ལྡན་ཡོདཔ་མ་ཚད་ ད་རེས་ཀྱི་དཀའ་ངལ་དེ་ རུ་པི་མ་ལང་པའི་ དཀའ་ངལ་མ་གཏོགས་ བུ་ལོན་སྤྲོད་མ་ཚུགས་པའི་ དཀའ་ངལ་མེན་ནི་དེ་གིས་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་དགོཔ་མེད་ཟེར་ཞུ་ཡི།
དཀའ་ངལ་དེ་ བསལ་ནིའི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཐབས་ལམ་མང་རབས་ཅིག་ བཏོན་ཡོདཔ་མ་ཚད་ དངུལ་རྩིས་ལྷན་ཁག་གིས་འབད་རུང་ དངུལ་འབྲེལ་གྱི་སྲིད་བྱུས་ཚུ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཅི་ཟེར་ཞུ་ཡི།
ད་ལྟོ་ཚུན་ རྒྱ་གར་གྱི་ཏི་རུ་ཚུ་ ང་བཅས་རའི་ ཏི་རུ་དང་ དབྱེ་བ་ག་ནི་ཡང་མེད་པར་ ལག་ལེན་འཐབ་ཡོདཔ་ཨིན་རུང་ ད་ལས་ཕར་ རིགཔ་འགྲིམ་དགོཔ་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་ ཐོན་ནི་ཨིནམ་ཤེས་ཏེ་ གཞུང་གིས་ ཁྲལ་ཚུ་ ཡར་སེང་འབད་དེ་ ཐབས་ལམ་ཚུ་བཏོན་ཡོད་རུང་ ལྡོག་ཕྱོགས་ཚོགས་པ་གིས་ གནད་དོན་དེ་ ཁྲིམས་ཁང་ནང་ རྩོད་གཞི་སྦེ་ བཙུགས་མི་དང་འཁྲིལ་ ཁྲིམས་འདུན་གྱིས་ཡང་ འབད་མ་ཆོགཔ་སྦེ་ སླབ་ཅི་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ད་རེས་ རུ་པིའི་དཀའ་ངལ་ཐོན་མི་དེ་ལུ་ འབྲུག་མི་དང་ ཕྱི་རྒྱལ་གྱི་ མཁས་མཆོག་ཚུ་གིས་ ཉེན་ཁ་ག་ཅི་ཡང་མེདཔ་སྦེ་ སླབ་ཡོདཔ་ད་ གཞན་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ཕྱི་རྒྱལ་གྱི་ཏི་རུ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ འཆང་སར་མཐོང་པ་ཅིན་ ཁྲིམས་འགལ་གྱི་ལཱ་ཨིནམ་སྦེ་ བརྩིཝ་ཨིན་ཟེར་ཞུ་ཡི།
ཁོ་གིས་ རུ་པིའི་དཀའ་ངལ་ཐོན་མིའི་ འགན་ཁུར་དང་ འགན་ཁྲི་དེ་ ཐད་ཀར་དུ་ གཞུང་ལུ་ཕོག་ནི་ཨིནམ་ལས་ གཞན་ལུ་ ཧད་བཏགས་ཕུལ་ས་མེད་རུང་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ག་ར་གིས་ མཉམ་རུབ་འབད་དགོ་ཟེར་ཞུ་ཡི།
དེ་བཟུམ་སྦེ་ གཞུང་གིས་ གསོག་འཇོག་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༢ དེ་ཅིག་བཙོང་སྟེ་ རུ་པི་ཉོ་མིའི་སྐོར་ལས་ཡང་ རྣམ་རྟོག་ལང་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཌོ་ལར་གསོག་འཇོག་འབད་མི་དེ་ ད་ལྟོ་བཟུམ་མའི་ དཀའ་ངལ་ཐོན་པའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ད་ལྟོ་ རྒྱ་འབྲུག་༢ ཀྱི་བར་ནའི་ ཚོང་འབྲེལ་ལམ་ལུགས་ཚུ་ ཧེ་མ་བཟུམ་མེན་པར་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཞུ་ཡི།
ཨིན་རུང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་དོ་བཟུམ་སྦེ་ རྒྱལ་ཁབ་ནང་ དཀའ་ངལ་ཆུང་ཀུ་རེ་ ཐོན་པའི་དུས་ཚོད་ལུ་ ཨ་རྟག་ར་ ཕྱིའི་རྒྱལ་ཁབ་ལས་ གྲོགས་རམ་འཚོལ་སྡོད་པ་ཅིན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ གནོད་ནིའི་ཉེན་ཁ་འདུག་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment