དཔྱད་ཡིག་དེ་ འདས་པའི་ཚོགས་ཐེངས་༨ པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ འགོ་དང་པ་ འཕྲི་སྣོན་འབད་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ དོན་ཚན་དག་པ་ཅིག་གུ་ གྲོས་བསྡུར་འབད་དེ་ སྒྱུར་བཅོས་ཆུང་ཀུ་རེ་འབད་བའི་ཤུལ་ལུ་ ཆ་འཇོག་གྲུབ་སྟེ་ བསྐྱར་ཟློས་གྲོས་བསྡུར་གྱི་དོན་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ ཕུལ་ཡོདཔ་ཨིན་པས།
གྲོས་བསྡུར་གྱི་སྐབས་ རྒྱལ་ཡོངས་ཚོགས་སྡེ་གིས་ སྒྱུར་བཅོས་འབད་མི་ དོན་ཚན་མང་ཤོས་ཅིག་གུ་ གྲོས་འཆམ་བྱུང་ཡོད་རུང་ འཐུས་མི་དག་པ་ཅིག་གིས་ རྒུད་གསོའི་མ་དངུལ་དེ་ མངའ་བདག་རྒྱལ་པོའི་བཀའ་རྒྱ་དང་འཁྲིལ་ཏེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ རྩིས་ཁ་སོ་སོར་ཕྱེ་སྟེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ བཀོད་ཡོད་པའི་ རྩིས་ཞིབ་ཀྱི་སྐོར་ལས་ ཞུ་བའི་སྐབས་ དཔྱད་ཡིག་ངོ་སྤྲོད་ཕུལ་མི་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ སྤྱིར་བཏང་ལུ་ མི་དམངས་ཀྱི་མ་དངུལ་ཚུ་ རྩིས་ཞིབ་དབང་འཛིན་གྱིས་ར་ རྩིས་ཞིབ་འབདཝ་ཨིནམ་ ཧ་གོ་དགོཔ་སྦེ་ཞུ་ཡི།
དེ་ལས་ ཚོགས་སྡེ་གིས་ དེ་གུ་ ལོ་བསྟར་རྩིས་ཞིབ་འབད་ཡོད་པའི་ མ་དངུལ་གྱི་རྩིས་ཁྲ་ཚུ་ གྲ་སྒྲིག་འབད་དེ་ འབྲུག་རྒྱལ་པོ་མཆོག་དང་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་དགོ་ཟེར་ ཐེབས་བཀོད་དེ་ཡོད་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཟིན་བྲིས་དང་མ་འཁྲིལ་བའི་ རྒུད་གསོའི་མ་དངུལ་ནང་ དངུལ་གྱི་རིགས་ ག་ཅི་ར་ཚུད་དགོཔ་ཨིན་ནའི་སྐོར་ དོན་ཚན་གསརཔ་ཅིག་ ཆ་འཇོག་གནང་ཡོདཔ་ད་ དེ་ནང་ གཞུང་གི་བཙུགས་བཞག་དང་ འབྲུག་པའི་མི་ངོ་དང་ ཁྲིམས་མཐུན་ངོ་བོ་ལས་ཞལ་འདེབས་ ཕྱི་རྒྱལ་མི་ངོ་དང་ ཁྲིམས་མཐུན་མི་ངོ་ལས་ཞལ་འདེབས་ དེ་ལས་ དོན་ཚན་༡༣ པའི་ནང་གསལ་ ཁེ་བསྒྱུར་ལས་ཐོན་པའི་ སྐྱེད་དང་འོང་འབབ་ཚུ་ ཚུད་ནི་ཨིན་པས།
དཔྱད་ཡིག་དེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ འབྲུག་རྒྱལ་པོ་མཆོག་གི་ འབྲུག་གི་མི་སེར་ལུ་ སྔོན་གསལ་མེད་པའི་རྐྱེན་ངན་གྱི་ དུས་སྐབས་ནང་ འཕྲལ་མཁོའི་ རྒུད་གསོ་གནང་ནིའི་ ཐུགས་དགོངས་དང་འབྲེལ་ཏེ་ ཆ་འཇོག་གནང་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ ད་ལས་ཕར་ འབྲུག་རྒྱལ་པོའི་རྒུད་གསོ་མ་དངུལ་༢༠༡༢ ཅན་མ་ཟེར་ ཞུ་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment