གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ས་ཆའི་གནད་དོན་ ཡུན་རིང་གི་ རྩོད་འགྲན་ཅིག་ལུ་གྱུར་ཡོདཔ།

ལྡོག་ཕྱོགས་འགོ་ཁྲིདཔ་དང་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་ཡོད་རུང་ གྲོས་བཅུད་ཅིག་བཏོན་མ་ཚུགས།

༡༩/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༡ གི་ སྙན་ཞུ་གུ་ གསུང་གྲོས་འཕྲོ་མཐུད་གནང་པའི་སྐབས་ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་དེ་ གསུང་གྲོས་ཀྱི་ གནད་དོན་གཙོ་བོ་ཅིག་ལུ་ གྱུར་སོཔ་ལས་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་ཐོག་ལས་ བཅུད་མེད་པའི་ རྩོད་འགྲན་འབདཝ་ད་ དུས་ཡུན་ཧ་ལམ་ཆུ་ཚོད་༣ དེ་ཅིག་ འགོར་སོ་ཡི།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ངན་ལྷད་ཀྱི་ སྙན་ཞུའི་སྐོར་ གསུང་གྲོས་གནངམ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་པོའི་ཞིང་གི་ ས་ཆའི་སྐོར་ ལོ་རྒྱུས་ཟུར་ཙམ་ཅིག་ ཐོན་པའི་ཤུལ་ལས་ རྩོད་འགྲན་ཁྱབ་ཆེར་སྦེ་བྱུང་ཡི།
རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཨྱོན་དབང་འདུས་ཀྱིས་ ཚོགས་དམངས་ལུ་ གནས་ཚུལ་དང་འདྲཝ་སྦེ་ ཞུ་མིའི་ནང་ ངན་ལྷད་ཀྱི་ གནད་དོན་སྐོར་ རེས་གཟའ་སྤེན་པ་ལས་ གསུང་གྲོས་གནངམ་ད་ ཚོགས་དཔོན་དེ་ ཚོགས་གཙོ་སྦེ་ མ་བཞུགས་མི་དེ་ཡང་ ཁོ་ར་ ད་ལྟོ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་མིའི་ནང་ འབྲེལ་གཏོགས་པ་ གཙོ་ཅན་ཅིག་འབད་བ་ལུ་བརྟེན་ཨིནམ་ད་ རྩོད་དོན་དེ་ ཚོགས་དཔོན་ཁོ་ར་ མོང་སྒར་གྱི་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་བྱུང་བའི་ རྩོད་རྙོགས་ཅིག་ཨིནམ་མ་གཏོགས་ ད་ལྟོའི་ གོ་གནས་ནང་ བཙག་འཐུ་གྲུབ་པའི་སྐབས་ བྱུང་བྱུངམ་མེནམ་ལས་ ཞིབ་དཔྱད་འབད་དགོ་པའི་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ ཁོ་གིས་ཞུ་ཡི།
ཨིན་རུང་ སྤུ་ན་ཁའི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ ད་རེས་ རྩོད་རྙོགས་འདི་བཟུམ་ཐོན་དགོ་མི་དེ་ གསང་སྦས་ཁའི་ འཐུས་མི་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་ གོང་འཕེལ་གྱི་ ལམ་ཕྱོགས་ལུ་ ཞུགས་པའི་ནམ་དུས་ལུ་ དོན་ཅན་འབད་ར་ སྲིད་ཚོགས་ལུ་བརྟེན་པའི་ ཕུང་སློང་ནི་གི་ རྩིས་རྐྱབ་མི་ལུ་བརྟེན་ཨིན་ཟེར་ ཞུ་བའི་ཤུལ་ལུ་ གནད་དོན་དེ་ རྩོད་འགྲན་དྲག་པོ་ཅིག་ལུ་ གྱུར་སོ་ཡི།
དེ་བསྒང་ རྫོང་བདག་དེ་ མངའ་བདག་རྒྱལ་པོའི་ སྐུ་ཚབ་ཨིནམ་ལས་ ཁྲོམ་ནང་འཁོད་ལུ་ ས་ཆ་ལེན་ནི་དང་ བགོ་སྤྲོད་འབད་ནི་གི་དབང་ཚད་ ཁྲོམ་དཔོན་ལུ་ཡོདཔ་བཟུམ་སྦེ་ རྫོང་བདག་ལུ་ཡང་ ས་ཆ་ཉོ་བཙོང་དང་ བགོ་སྤྲོད་འབད་ནི་གི་ དབང་ཚད་འདུག་ཟེར་ འཐུས་མི་ཚེ་རིང་དཔལ་འབྱོར་གྱིས་ ཞུ་བའི་ཁར་ ད་ལྟོའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ དྲགོས་རྡོ་རྗེ་བསྟན་འཛིན་གྱིས་གནང་མི་ བཀའ་ཤོག་དང་འཁྲིལ་ ས་ཆ་ཚུ་ གནང་ནུག་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ ཕྱག་འགན་ཆེ་ཤོས་ར་ རྒྱལ་ཁབ་ཀྱི་ སྲིད་བྱུས་བརྩམ་ནི་དང་ རྒྱལ་ཁབ་ཀྱི་ སྟབས་བདེཝ་མ་བདེཝ་ཚུ་ གསུང་གྲོས་གནང་ནི་དེ་ཨིན་རུང་ འཐུས་མི་རེ་གཉིས་ཀྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ གསུང་གྲོས་གནང་ནི་མིན་པར་ སྐྱོན་བཏགས་མི་དེ་ མི་དཀར་ལ་ཞྭ་ནག་སྤུབས་དོ་བཟུམ་ཨིནམ་ལས་ སྒྲིག་ཁྲིམས་བདག་འཛིན་འཐབ་ནིའི་ འགན་ཁུར་དེ་ ཚོགས་དཔོན་ལུ་ ཕོག་ཟེར་ཨིན་པས།
ང་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་ཀྱི་ རྒྱབ་ཁུངས་སྐོར་ལས་ ག་ནི་ཡང་ མི་ཤེས་དོ་ཡོདཔ་ཨིན་རུང་ རྩོད་དོན་དེ་གི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ཡོད་མི་དེ་ ད་ལྟོའི་ སྤྱི་ཚོགས་ཀྱི་གནས་ཡུན་མ་ཚང་པའི་ཧེ་མར་ མཇུག་བསྡུ་ཚུགས་པ་ཅིན་ སྟབས་བདེ་ནི་མས་ཟེར་ ཞུཝ་མ་གཏོགས་ རྒྱལ་ཁབ་ལུ་ ཕུང་སློང་ནིའི་དོན་ལུ་ཞུཝ་མེན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ ས་ཆའི་སྐོར་ལས་ བརྡ་བརྒྱུད་ནང་ ཐོནམ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡོདཔ་ལས་ དེ་གི་ཧེ་མར་ ཤེས་ར་མ་ཤེས་ཟེར་ཨིནམ་ད་ ང་གིས་ ཧེ་མ་ལས་ ཤེས་ཤེསཔ་འབད་བ་ཅིན་ འབྲུག་པའི་མི་སེར་དང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་མི་ཅིག་ འབད་བ་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་བཀོདཔ་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ཞུ་ཡི།
དེ་འབདཝ་ད་ འཐུས་མི་གཞན་ཚུ་གིས་ ཞུ་དོ་བཟུམ་ ཧེ་མའི་རྩོད་རྙོགས་ཅིག་ཨིནམ་ལས་ ཞི་དཔྱད་རྐྱབ་ནི་གི་ འོས་འབབ་ཡོད་རུང་མེད་རུང་ ཁྲིམས་དང་མ་འཁྲིལ་བར་ ཕྱག་ལཱ་མཛད་ཡོད་པ་ཅིན་ ཨིན་ཅི་མིན་ཅི་ ཞིབ་དཔྱད་རྐྱབ་དགོ་ཟེར་ ཁོ་གིས་ ཞུ་ཡི།
ལྡོག་ཕྱོགས་ཚོགས་པའི་འཐུས་མི་གཞན་ དམ་ཆོས་རྡོ་རྗེ་གིས་ ཞུ་མིའི་ནང་ ཚོགས་དཔོན་གྱིས་ ཐུགས་བཞེད་ལེགས་ཤོམ་གནང་སྟེ་ ཉིན་གྲངས་༢ ཆ་རའི་ནང་ ཚོགས་གཙོ་མ་མཛད་པར་ བཞུགས་མི་དེ་ དཔྱེ་ཡང་དག་སྟོནམ་མས་ཟེར་ཨིན་པས།
མི་མང་གིས་ ང་བཅས་ལུ་ ག་ཅི་སླབ་སྨོ་ཟེར་བ་ཅིན་ རྒྱལ་པོའི་ཞིང་གི་ རྩོད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཨེབ་མི་བཞག་ག་ཟེར་ ཚ་གྱང་ཡོདཔ་སྦེ་ སླབ་མས་ཟེར་ འཐུས་མི་དམ་ཆོས་རྡོ་རྗེ་གིས་ ཞུ་བའི་ཁར་ གནད་དོན་དེ་ བརྡ་བརྒྱུད་ནང་ ཐོན་ཚར་ཡོདཔ་ལས་ ས་ཆ་ག་དེ་སྦེ་ བགོ་སྤྲོད་འབད་ཡོདཔ་ཨིན་ན་དང་ ག་དེ་སྦེ་ ལེན་ཡོདཔ་ཨིན་ན་ མི་མང་གིས་ ཤེས་དགོཔ་དེ་ གལ་ཆེ་ཟེར་ཞུ་ཡི།
དེ་འབདཝ་ལས་ རྒྱལ་པོའི་ཞིང་གི་ ཞིབ་དཔྱད་དེ་ ག་དེ་མགྱོགས་མགྱོགས་འབད་དགོཔ་ ཁག་ཆེ་ཟེར་ ཁོ་གིས་ ཞུ་ཡི།
གསོ་བའི་བློན་པོ་བཟང་ལེགས་འབྲུག་པ་གིས་ ཞུ་མིའི་ནང་ ཁོ་ར་ ཆུ་ཁའི་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཁྲོམ་སྡེ་གོང་འཕེལ་ཚོགས་ཆུང་གི་ ཁྲི་འཛིན་ཨིནམ་ལས་ ལམ་ལུགས་དང་འཁྲིལ་ ཁོ་གིས་ཡང་ དགེ་འདུ་ལུ་ ཁྲོམ་གོང་འཕེལ་གྱི་དོན་ལས་ མི་སེར་ཚུ་ལུ་ ཁྲོམ་ས་བྱིན་ཡི་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ རྒྱལ་པོའི་ཞིང་གི་ རྩོད་དོན་སྐོར་ལས་ ཞུ་མི་དེ་ སྲིད་ཚོགས་ནང་ འབྲེལ་གཏོགས་ཡོད་མི་ ལ་ལུ་ཅིག་ལུ་ ཉོགས་མེད་ལག་ཁྱེར་ ཐོབ་མི་བཅུག་ནི་གི་ ཐབས་ལམ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ གསོ་བའི་བློན་པོ་གིས་ ཞུ་བའི་ཁར་ བརྡ་བརྒྱུད་ཀྱིས་ གནད་དོན་དེ་གི་སྐོར་ལས་ གནས་ཚུལ་ཁྱབ་སྤེལ་འབད་མིའི་ རྒྱབ་ཁ་ལས་ ག་ཡོདཔ་ཨིན་ན་ ཧ་གོ་དགོཔ་འདུག་ཟེར་ཞུ་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཞུ་མིའི་ནང་ གནད་དོན་དེ་ ཚོགས་ཁང་ལས་མིན་པར་ བློན་ཆེན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ལས་ ཚོགས་ཁང་འདི་ནང་ གསུང་གྲོས་གནང་དགོ་པའི་ འོས་འབབ་ཅིག་ མི་མཐོང་པས་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠ པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་པོའི་ཞིང་གི་ ས་ཆའི་སྐོར་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལུ་ ལྷན་ཚོགས་ལུ་ ཞུ་བ་འབད་མི་དང་འཁྲིལ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ཁ་ཙ་ དུས་ཡུན་ཆུ་ཚོད་༣ གྱི་ནང་ རྩོད་འགྲན་གནང་མི་དེ་ གྲོས་ཆོད་ག་ནི་ཡང་མེད་པར་ མཇུག་བསྡུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment