༢༦/༠༦/༢༠༡༢ ༉ ད་རེས་ འབྲུག་མི་ཚུ་ག་ར་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་མི་ལུ་བརྟེན་ བཟོད་མ་ཚུགས་པའི་མྱ་ངན་དང་ སྡུག་བསྔལ་ཚད་མེད་བྱུང་སྟེ་ཡོད། ང་བཅས་རའི་ ཚེ་སྲོག་དང་ དེའི་རྣམ་སྤྲུལ་ཚུ་ མི་རྟག་པ་ཨིན་པའི་ དྲན་ཚོར་འབད་མི་ མེ་རྐྱེན་ཚུ་གི་ནང་ལས་ ཧེ་མ་ བྱིན་ཅན་གྱི་གནས་ སྤ་རོ་སྟག་ཚང་ལྷ་ཁང་ མེ་མཆོད་བཞེས་པའི་སྐབས་ལུ་ཡང་ ཆ་མཉམ་གྱི་སེམས་ཁར་ འདི་བཟུམ་མའི་ སྡུག་བསྔལ་སྦོམ་བྱུང་བཅུག་ཡི།
ཨིན་རུང་ སྟག་ཚང་ལྷ་ཁང་ ཉམས་གསོ་ཧྲིལ་པོར་ཞུ་ཚརཝ་ད་ སྔར་བ་ལྷག་པའི་ བྱིན་ཅན་དང་ རྩ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ད་རེས་ དགའ་སྤྲོའི་ཐོག་ལུ་ དད་མོས་སྦོམ་བསྐྱེད་ཡོད་མི་དེ་ཡང་ སྲོལ་རྒྱུན་རྩ་ཅན་དེ་ལུ་ ཉེན་ཁ་ཡོདཔ་ཨིནམ་ ང་བཅས་ཆ་ཁྱབ་ལུ་ མེ་རྐྱེན་གྱིས་ དྲན་ཚོར་འབདཝ་ལས་བརྟེན་ཨིན། ལྷག་པར་དུ་ ང་བཅས་ལེ་ཤ་ཅིག་ལུ་ མཛེས་ཆ་དང་ གཟི་བརྗིད་ཆེ་བའི་ ཉམས་གསོ་ཞུ་ནི་གི་ གོ་སྐབས་ཐོབ་ཚུགས་མི་དང་འབྲེལ་ མི་སེར་ཚུ་ཡང་ བསོད་ནམས་བསགས་ནུག།
དབང་འདུས་ཕོ་བྲང་རྫོང་ལུ་ བཀག་ཐབས་མེད་པའི་ གནོད་རྐྱེན་བྱུང་མི་དེ་ ད་རེས་ འགོ་དང་པ་མེན། ཧེ་མ་ཡང་ བར་རྐྱེན་ཚུ་ བྱུང་ཡོདཔ་མ་ཚད་ ད་རུང་ ང་བཅས་ཀྱིས་ བཟློག་ཐབས་འབད་མ་ཚུགས་པའི་ རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིནམ་ལས་ སེམས་ཁར་ ངེས་དགོཔ་དེ་ར་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་མི་ རྫོང་དང་དབྱེ་བ་མེད་པར་ ལོག་བཞེངས་དགོཔ་དེ་ཨིན།
ང་བཅས་འབྲུག་པའི་ མི་སེར་ཚུ་ལུ་ གྱོང་རྒུད་ཕོགཔ་མིན་པར་ ལྷག་པར་དུ་ བསྐྱར་གསོའི་གོ་སྐབས་ཐོབ་སྟེ་ ད་ལས་ཕར་ ང་བཅས་རའི་ སྲོལ་རྒྱུན་ལུ་ དཔའ་ཉམས་བསྐྱེད་པའི་ གཞི་གནད་ཅིག་ཨིན་པའི་ཁར་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་གིས་ཡང་ ཁོང་རའི་ རྫོང་གཞིས་དེ་ སྔར་བ་དྲགཔ་སྦེ་ ལོག་འཐོབ་ཚུགས།
དེ་འབདཝ་ལས་ འབྲུག་མི་ཚུ་གི་ དཔའ་ཞུམ་མེད་པའི་ བློ་སྟོབས་དང་ དཔལ་ལྡན་འབྲུག་པའི་ སྙན་གྲགས་ལུ་བརྟེན་ དབང་འདུས་རྫོང་དེ་ ད་རུང་ མཛེས་ཆ་ཅན་དང་ གཟི་བརྗིད་ཐོག་ལུ་ར་ གནས་ཚུགས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བླ་ན་མེད་པའི་མཁྱེན་རྒྱ་ཆེ་བའི་ཐོག་ལས་ ཞབས་དྲུང་ཁོ་ར་གིས་ བཞུགས་སུ་གསོལ་མི་ ནང་རྟེན་བྱིན་ཅན་ཚུ་ ཆ་མཉམ་ར་ ཨ་རྟག་ཧར་ལུགས་སྦེ་ ཉམས་མེད་ཐོབ་ཡོད་པའི་ཁར་ རབ་སྡེ་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ཡང་ དུས་རྒྱུན་གྱི་ གསུང་ཆོག་དང་འབུམ་སྡེ་ཚུ་ བར་ཆད་མེད་པར་གནང་ཚུགས་ནི་ དེ་ལས་ རྫོང་ཁག་བདག་སྐྱོང་གིས་ དབང་འདུས་ཕོ་བྲང་གི་ མི་སེར་ཚུ་གི་མཐའ་དོན་ལུ་ འཕྲོ་མཐུད་ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད།
ང་བཅས་ཆ་ཁྱབ་ཀྱིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ མཚན་གནས་ཐོག་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རེ་འདུན་དང་འཁྲིལ་ སྲ་བརྟན་ཅན་དང་ ཡུན་ཐུབ་ཅན་ དེ་ལས་ གཟི་བརྗིད་ཆེ་བའི་ དབང་འདུས་ཕོ་བྲང་རྫོང་ ལོག་བཞེངས་ནི་ལུ་ ངེས་པར་དུ་ གོ་སྐབས་ལེན་ཚུགས་པའི་ རེ་སྨོན་ཡོད་ཟེར་ཞུ་ནི།
No comments:
Post a Comment