གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་གྱི་སྦུག་ལུ་བཞག་མི་ ས་རྐོ་འཕྲུལ་ཆས་ཀྱིས་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་ལུ་བར་ཆད།

སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་ལུ་བར་ཆད་རྐྱབ་མི་ འཁོར་ལམ་གྱི་སྦུག་ལུ་བཞག་མི་
 ས་རྐོ་འཕྲུལ་ཆས་བཱོབ་ཀེཊ།
༉ མོང་སྒར་ཁྲོམ་ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་ དེད་གཡོགཔ་ཚུ་གི་ སེམས་ཁ་ལུ་འབད་བ་ཅིན་ མོང་སྒར་ ནིའུ་ལི་སྣུམ་འཁོར་བཅོ་ཁང་གི་ སྦོ་ལོགས་ཁར་ བཱོབ་ཀེཊ་ཟེར་མི་ ས་རྐོ་འཕྲུལ་ཆས་ཅིག་ གཞུང་ལམ་བར་ན་ར་ བཞག་ཡོད་མི་དེ་ དུས་ཡུན་ཟླཝ་ལས་བཅད་དེ་ལུས་སོ་རུང་ སྣང་མེད་བཞག་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ཟེར་ དོགས་པ་ཆགས་མི་དེ་ལུ་ ཁྲོམ་སྡེ་ལས་འཛིན་གྱིས་འབད་བ་ཅིན་ གནད་དོན་གཞན་ཅིག་ བཤད་ནི་ཡོདཔ་ཨིན་པས།

དེ་ཡང་ ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་རྐོ་འཕྲུལ་ཆས་དེ་ ལཱ་འབད་སའི་ ས་ཁོངས་ནང་ལས་ ལོག་འོང་པའི་སྐབས་ ས་གནས་དེ་ཁར་ལྷོདཔ་ད་ འཕྲུལ་ཆས་ཅིག་ མེདཔ་ཐལ་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ནངས་པ་ མི་ཚུ་གི་ མཐོང་སྣང་ལུ་བལྟ་བ་ཅིན་ སྣང་མེད་སྦེ་ གཞུང་ལམ་ཁར་ བཞག་དོ་བཟུམ་མཐོང་མི་དེ་ཡང་ ས་ཁོངས་དེ་ནང་ སྣུམ་འཁོར་བཏང་མི་ཚུ་གིས་ ཤུགས་ཚད་ལས་བརྒལ་ སྣུམ་འཁོར་བཏང་དོ་ཡོདཔ་ལས་ དོན་ཅན་འབད་ར་ སྣུམ་འཁོར་ཐུག་རྐྱེན་ལས་ ཉེན་སྲུང་གི་དོན་ལུ་ བཞག་བཞགཔ་ཨིན་ཟེར་ཨིན་པས།
ཨིན་རུང་ མོང་སྒར་ཁྲོམ་གྱི་ དེད་གཡོགཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁོངས་དེ་ནང་ འཁོར་ལམ་དེ་ ཐང་སྦེ་མེན་པར་ གྱེན་དུམ་གྲ་ཅིག་ཡོདཔ་ལས་ ཤུགས་འབད་འགྱོ་དགོཔ་ འཐོན་དོ་ཡོདཔ་ཨིན་རུང་ གཞུང་ལམ་གྱི་བར་ན་ར་ སྟབས་མ་བདེ་ཁག་ཁ་སྦེ་ དེ་བཟུམ་མའི་ འཕྲུལ་ཆས་བཞག་མི་དེ་གིས་ ཧེང་སྐལ་ར་ ས་ཁོངས་དོག་དྲགས་འགྱོཝ་མ་གཏོགས་ སྟབས་བདེ་དྲགས་ བཟོཝ་མེན་པས་ཟེར་ཨིན་པས།
ང་བཅས་དེད་གཡོགཔ་ཚུ་གིས་འབད་རུང་ སྦོ་ལོགས་ཁར་ སློབ་གྲྭ་ཡོདཔ་ལས་ སློབ་ཕྲུག་ཚུ་ཡོདཔ་ཨིནམ་ཤེས་ཏེ་ སྣུམ་འཁོར་གྱི་ཤུགས་ཚད་ཕབ་ཐབས་ཐོག་ལས་ ཐབས་ཤེས་གཞན་ བཏོན་གནང་དགོཔ་མ་གཏོགས་ ཁྲོམ་སྡེ་ལས་འཛིན་གྱི་ཧོངས་ལས་ སྣང་མེད་བཞག་ནི་དེ་ རྩ་ལས་ར་ མི་བཏུབ་པས་ཟེར་ སྐྱེས་ལོ་༣༨ ལང་མི་ མོང་སྒར་ལས་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་བཟུམ་མའི་ གནས་སྟངས་ལུ་བལྟ་བ་ཅིན་ ཁྲོམ་སྡེ་ལས་འཛིན་གྱིས་ གཞུང་གི་ཅ་ཆས་ཨིན་ཟེར་ བདག་མེད་འབད་བཞག་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་མི་དེ་ཡང་ འགན་ཁུར་དེ་ རང་སོའི་འགན་དབང་དང་འཁྲིལ་ཏེ་ མ་འབག་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༩ ལང་མི་ དེད་གཡོགཔ་ཅིག་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ས་གོ་དེ་ནང་ སྟབས་མ་བདེཝ་ ཧེང་སྐལ་བཟོ་མི་དེ་ཡང་ ཧེ་མ་ལས་ སྣུམ་འཁོར་བཅོ་ཁང་ཅིག་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ འགྲོ་འགྲུལ་འབད་ནི་ལུ་ སྟབས་མ་བདེཝ་ཡོདཔ་ལས་ ཟླཝ་༢ དེ་ཅིག་ལྷག་སོ་རུང་ འཕྲུལ་ཆས་དེ་ ཁྲོམ་སྡེ་ལས་འཛིན་གྱིས་ སྣང་མེད་སྦེ་ བཞག་མི་དེ་གིས་ འགྲོ་འགྲུལ་འབདཝ་ད་ སྟབས་མི་བདེ་བས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ ས་གོ་དེ་ནང་ སློབ་ཕྲུག་ཚུ་ཡོདཔ་ཨིནམ་ཤེས་ཏེ་ དྲོ་པ་དང་ཕྱི་རུ་ སློབ་གྲྭའི་དུས་ཚོད་སྐབས་ལུ་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབདཝ་ད་ ཤུགས་ཚད་ལས་བརྒལ་བཏང་མི་དང་ ཐུག་རྐྱེན་བཀག་ཐབས་ཀྱི་དོན་ལུ་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ལྟ་རྟོག་པ་ཚུ་ཡང་ འོང་དོ་ཡོདཔ་ལས་ ཤུགས་ཚད་བཀག་ནིའི་དོན་ལུ་ འཕྲུལ་ཆས་དེ་ བཞག་དགོཔ་མིན་འདུག་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེདཔ་ཐལ་མི་ འཕྲུལ་ཆས་ཀྱི་ཅ་ཆས་དེ་ མཁོ་མངགས་འབད་ཡོདཔ་ཨིན་རུང་ དེ་འཕྲོ་ལས་ ཐོབ་མ་ཚུགས་ནི་དེ་གིས་ ས་གོ་དེ་ནང་ར་ ལུས་སོ་ཡི་ཟེར་ཨིནམ་ད་ ཨིན་རུང་ འཕྲུལ་ཆས་མེདཔ་ཐལ་མིའི་ ཅ་ཆས་ཚུ་ལྷོད་ཞིནམ་ལས་ བདའ་འགྱོ་ནི་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་ ཕམ་ལ་ལུ་ཅིག་གིས་ ས་གོ་དེ་ནང་ སྣུམ་འཁོར་བཏང་མི་ཚུ་གིས་ ཤུགས་ཚད་ཁར་ བཏང་མི་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ ཉེན་ཁ་འབྱུང་ནི་ཨིནམ་ལས་ ཤུགས་ཚད་མར་ཕབ་ཀྱི་དོན་ལུ་ འཁོར་ལམ་ཁར་ བམ་པར་ཅིག་ བཟོ་དགོཔ་ངེས་བདེན་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment