རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་སངས་རྒྱས་རྡོ་རྗེ་ལུ་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༨ ཀ་པའི་དགོངས་དོན་ལྟར་ ཡིག་ཆ་རྫུས་མ་བཟོ་སྟེ་ མི་རྩིས་སྤོ་བཤུད་འབད་མི་ལུ་ དབྱེ་རིམ་༤ པའི་ཉེས་ཁྲིམས་དམའ་ཤོས་ བརྩོན་ཁྲིམས་ལོ་༡ བཀལ་ཡོད་མི་དེ་ ལན་ཐེངས་༡ གི་དོན་ལུ་ བརྩོན་འཐུས་བཏབ་ཆོག་པའི་ གནང་བ་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ རྩོད་བཤེར་དེ་ ཉེས་ཆེན་གྱི་ གནོད་འགེལ་མེན་པའི་ཁར་ བསྐྱར་ཟློས་གྱི་ རྩོད་གཞི་ཡང་མེནམ་ལས་ ཕ་དང་བུ་གི་བར་ནའི་ རྩོད་གཞི་ཅིག་ཨིནམ་ལས་ ཁྲིམས་འཐུས་རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིནམ་རེ་ལུ་ དངུལ་ཀྲམ་༡༠༠ གི་རྩིས་རྐྱབ་སྟེ་ བཏབ་ཆོག་པའི་གནང་བ་ གྲོལ་ཡོདཔ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ ཁོ་རའི་བུ་ ཨོ་རྒྱན་རྡོ་རྗེ་གི་ མི་རྩིས་སྤོ་ནིའི་དོན་ལུ་ ཡིག་ཆ་རྫུས་མ་བཟོ་མིའི་ཐད་ཁར་ ད་ལྟོ་ བསམ་རྩེ་རྫོང་ཁག་ནང་ཡོད་མི་ བུ་གི་མི་རྩིས་དེ་ ཆ་མེད་ཨིནམ་མ་ཚད་ ཟླཝ་༢ ཀྱི་ནང་འཁོད་ལུ་ བཀྲིས་སྒང་རྫོང་ཁག་གམ་ གཞན་རྫོང་ཁག་ནང་ སྤོ་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དེ་མ་ཚད་ སངས་རྒྱས་རྡོ་རྗེ་གི་ བུཚ་གི་མི་རྩིས་ སྤོ་བཤུད་འབད་ནི་དེ་ ཧེ་མ་ སྤྱི་ལོ་༢༠༠༧ ལུ་ དཔའ་བཅམ་པའི་སྐབས་ ཁོང་བཟའ་ཚང་གི་བར་ན་ བྱ་སྟབས་མ་བདེ་བའི་རྐྱེན་གྱིས་ མི་རྩིས་བཀག་འཛིན་གྱི་ ཉོགས་བཤད་བཙུགས་ཏེ་ ལུས་ཡོད་པའི་སྐོར་ལས་ བསམ་རྩེའི་རྒཔོ་ རྡོ་རྗེ་དབང་འདུས་ཀྱིས་ཤེས་རུང་ སངས་རྒྱས་རྡོ་རྗེ་གིས་ ཡིག་ཆ་རྫུས་བཟོ་འབད་མི་ལུ་ ཡིག་ཆ་ཚུལ་མཐུན་ཨིན་པའི་གྲངས་སུ་བཙུགས་ཏེ་ རྒཔོ་གིས་ མཚན་རྟགས་བཀོད་དེ་ རྫོང་ཁག་བདག་སྐྱོང་གི་ གཞི་གསར་འགོ་དཔོན་ལུ་སྤྲོད་དེ་ ཁོ་གིས་ཡང་ ཡིག་ཆ་དེ་ལུ་ གཞི་བཞག་སྟེ་ མི་རྩིས་སྤོ་ཡོདཔ་ལས་ ཁོང་༢ ལུ་ཡང་ སངས་རྒྱས་རྡོ་རྗེ་ལུ་ཕོག་པའི་ ཉེས་ཁྲིམས་ལས་ ཕྱེད་ཀ་བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
རྩོད་ཉོགས་ཐོན་མི་ བཟའ་ཚང་ཚུ་ བསམ་རྩེ་མཁའ་འགྲོ་ཐང་ལུ་ གཞི་གསར་ནང་ འགྱོ་བའི་སྐབས་ གཞུང་གི་ཆ་བཞག་ཁྲམ་ནང་ཡང་ ས་ཆ་དེ་ བུམོ་ཨོྱན་ཆོས་སྒྲོན་གྱི་ཨིན་པའི་ བདེན་ཁུངས་བྱུངམ་ལས་ ཨཔ་སངས་རྒྱས་རྡོ་རྗེ་དེ་ ཁྱིམ་ནང་ལས་ ཐོན་འགྱོ་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སྤྱི་ལོ་༢༠༠༡ ལས་ ད་ཚུན་གྱི་རིང་ ས་ཆ་དེ་ནང་ སྡོད་པའི་རིང་ལུ་ རྒྱུ་སྦུང་གཉིས་ཀྱི་ཐད་ལས་ ཁོང་ ཕ་སྤུན་གྱི་བར་ན་ བྱ་སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ བཟོ་ཐབས་མེད་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment