གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་པ་ཨིན་མེན་གྱི་ བརྟག་དཔྱད་ཐེངས་༢ པའི་ གྲུབ་འབྲས་ཤེས་མ་ཚུགསཔ།

རི་ནིའུ་གིས་ ཨ་པ་ངོས་འཛིན་དང་འབྲེལ་བའི་ རྩོད་གཞི་༢ ཕྱིར་བཏོན་འབད་མི་ལུ་ དོགས་སྣང་སྦོམ་ཡོདཔ།

༢༨/༠༦/༢༠༡༢   ༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྐྱེས་ལོ་༢ ལང་མི་ ཨ་ལུའི་ཨ་པ་ངོས་འཛིན་འབད་ཐབས་ལུ་ ཌི་ཨེན་ཨེ་གི་ ཚན་རིག་བརྟག་དཔྱད་གྲུབ་འབྲས་ཀྱི་ ཡིག་ཤུབས་ཁ་ཕྱེ་ལྟཝ་ད་ ཡི་གུ་ཚུ་ག་ར་ ཚན་རིག་ཐོག་ལུ་ གསལ་བཀོད་འབད་ཡོད་ནི་དེ་གིས་ གྲུབ་འབྲས་ག་ཅི་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགསཔ་ལས་ གྲུབ་འབྲས་གཏན་འཁེལ་གྱི་དོན་ལུ་ ལོག་སྟེ་ར་ ཁྲིམས་སྲུང་འགག་པ་ལུ་ གཏང་ནི་སྦེ་ གྲོས་ཐག་བཅད་ནུག།


དེ་ཡང་ གཞུང་མིན་ལས་ཚོགས་ རི་ནིའུ་ཟེར་མི་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ བརྟག་དཔྱད་གྲུབ་འབྲས་དང་པའི་ནང་ ཁ་ཉེས་ཕོག་མི་ སྤ་རོ་ལས་ སྐྱེས་ལོ་༥༧ ལང་མི་ ཕོ་སྐྱེས་དེ་ ཨ་ལུའི་ཨ་པ་མེནམ་སྦེ་ ཐོན་མི་ལུ་ བློ་མ་བདེ་བར་ རྒྱ་གར་ལུ་ བརྟག་དཔྱད་ཐེངས་༢ པ་ འབད་བཅུག་ཡོདཔ་ཨིན་པས།
ཁ་ཉེས་ཕོག་མི་ ཕོ་སྐྱེས་དེ་གིས་ སྤྱི་ལོ་༢༠༡༠ ལུ་ སྐྱེས་ལོ་༡༥ ལང་མི་ བུམོ་དང་གཅིག་ཁར་ ལུས་འབྲེལ་འབད་ཡོདཔ་སྦེ་ ཁ་བཟེད་ཡོད་རུང་ མོ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་ དུས་ཚོད་དང་ ཚེས་གྲངས་ངེས་བཟུང་དང་འཁྲིལཝ་ད་ ཨ་ལུའི་ཨ་པ་དེ་ ཁོ་མེན་ཟེར་ སྤ་རོའི་ཁྲིམས་འདུན་ལུ་ ཞུ་མི་ལུ་བརྟེན་ ཨ་པ་ངོས་འཛིན་གྱི་དོན་ལུ་ མ་བུ་དང་ ཁོ་ལས་ ཁྲག་གི་དཔེ་ཚད་ལེན་ཐོག་ལས་ ཌི་ཨེན་ཨེ་ཚན་རིག་བརྟག་དཔྱད་འབད་བར་ ཤཱྲི་ལངྐ་ལུ་ བསྐྱལ་ཡོདཔ་ཨིན་པས།
དེ་འབདཝ་ད་ བརྟག་དཔྱད་ཀྱི་ གྲུབ་འབྲས་ནང་ སྐྱེས་ལོ་༥༧ ལང་མི་ ཕོ་སྐྱེས་དེ་ ཨ་ལུའི་ཨ་པ་མེན་པའི་ ངོས་འཛིན་བྱུངམ་ལས་ ཁོ་ལུ་ ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་རུང་ ལོ་ན་མ་སྨིན་པའི་བུམོ་དང་ འདོད་སྤྱོད་འབད་མི་དེ་ དབང་བཙོང་གི་གྲངས་སུ་ཚུདཔ་ལས་ ཉེས་ཁྲིམས་ལོ་༥ བཀལ་ཡོདཔ་ལས་ ད་ལྟོ་ བཙོན་ཁྲིམས་འབག་བའི་བསྒང་ཨིན་པས།
དེ་ལས་ བུམོ་དེ་གི་ ཕམ་ཚུ་གིས་ རི་ནིའུ་ལས་ གྲོགས་རམ་འཚོལ་མི་ལུ་བརྟེན་ ལས་སྡེ་དེ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ཌི་ཨེན་ཨེ་བརྟག་དཔྱད་ཐེངས་༢ པ་དེ་ ཤཱྲི་ལངྐ་ལུ་མེན་པར་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ གཏང་དགོཔ་སྦེ་ ཞུ་བ་ཕུལ་མི་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ ཟླཝ་ཧེ་མའི་ནང་ འབྲེལ་ཡོད་རྩ་ཕན་ཚུ་གི་ ཁྲག་གི་དཔེ་ཚད་ཚུ་ ལྡི་ལི་ལུ་ བསྐྱལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རི་ནིའུ་གིས་ ཨ་ལུའི་ཨ་པ་ ངོས་འཛིན་འབད་མ་ཚུགས་མི་ རྩོད་དོན་༢ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་དེ་ རྩོད་བཤེར་འབད་བའི་བསྒང་ཡོད་རུང་ བདུན་ཕྲག་༡ གི་ནང་འཁོད་ལུ་ རྩོད་དོན་༢ ཆ་ར་ རྣམ་རྟོག་ལང་སི་སི་སྦེ་ ཕྱིར་བཏོན་འབད་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ལུ་ དོགས་པ་ཟ་ནིའི་ གཞི་དོན་ཅིག་ལུ་གྱུར་ནུག།
དེ་ཡང་ ཁ་ཙ་ ཌི་ཨེན་ཨེ་བརྟག་དཔྱད་ཀྱི་ ཡིག་ཤུབས་ཁ་མ་ཕྱེ་བའི་ ཉིནམ་༡ གི་ཧེ་མར་ རི་ནིའུ་གིས་ ད་རུང་ སྤ་རོ་ལས་ཨིན་མི་ གླེན་མགོམོ་ཅིག་གིས་ ཨ་ལུ་སྐྱེས་མིའི་ ཨ་པ་ངོས་འཛིན་གྱི་དོན་ལུ་ ཌི་ཨེན་ཨེ་བརྟག་དཔྱད་ཐེངས་༢ པ་འབད་དགོ་པའི་ མཐོ་གཏུགས་འབད་མི་དེ་ ཕྱིར་བཏོན་འབད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༢༩ ལང་མི་ གླེན་མགོམོ་གིས་ ཨ་ལུའི་ཨ་པ་དེ་ སྐྱེས་ལོ་༢༢ ལང་མི་ སློབ་ཕྲུག་ཅིག་ལུ་ ཁ་ཉེས་བཀལ་ཡོད་རུང་ ད་རུང་ མོ་དང་འབྲེལ་བ་བྱུང་མི་ ཕོ་སྐྱེས་གཞན་ཅིག་ཡང་ ཐོན་སོཔ་ལས་ སྤ་རོ་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོང་གཉིས་ལས་ ཨ་པ་ངོ་མ་ག་ཨིན་ན་ ངོས་འཛིན་འབད་ནིའི་དོན་ལུ་ མ་བུ་དང་ ཁོང་གཉིས་ལས་ ཁྲག་གི་དཔེ་ཚད་ལེན་ཏེ་ ཤཱྲི་ལངྐ་ལུ་ བརྟག་དཔྱད་འབད་བར་བསྐྱལཝ་ད་ སྐྱེས་ལོ་༢༢ དང་༢༡ ལང་མི་ ཕོ་སྐྱེས་གཉིས་ཆ་ར་ ཨ་ལུའི་ཨ་པ་མེནམ་སྦེ་ ཐོན་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ཚན་རིག་གི་ བརྟག་དཔྱད་གྲུབ་འབྲས་དང་འཁྲིལ་ ཁོང་གཉིས་ཆ་ར་ ཉེས་གྲོལ་བཏང་ཡོད་རུང་ གླེན་མགོམོ་དེ་གི་ ཨ་པ་གིས་ བརྟག་དཔྱད་གྲུབ་འབྲས་ལུ་ གཡོ་བཅོས་འབད་བའི་ དོགས་པ་ཡོད་ཟེར་སླབ་སྟེ་ རི་ནིའུ་ལས་སྡེ་ལས་ རྒྱབ་སྐྱོར་འཚོལ་བའི་ཤུལ་ལུ་ རི་ནིའུ་གིས་ སྤྱི་ལོ་༢༠༡༡ ཟླཝ་༥ པའི་ཚེས་༣༠ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དེ་གི་ཧེ་མར་ རི་ནིའུ་གིས་ ཚན་རིག་བརྟག་དཔྱད་ཐེངས་༣ པ་འབད་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་མི་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཕྱིར་བཏོན་འབད་ཡོདཔ་ད་ ལོ་༣ གྱི་ཧེ་མར་ མོང་སྒར་ལུ་ སློབ་ཕྲུག་བུམོ་སྐྱེས་ལོ་༡༦ ལང་མི་ཅིག་གིས་ ཨ་ལུ་བུམོ་ཅིག་ སྐྱེས་ཡོད་རུང་ ཁ་ཉེས་ཕོག་མི་ ས་འཇལ་པ་དེ་གིས་ ཨ་ལུའི་ཨ་པ་ ཁོ་མེན་ཟེར་ སླབ་མི་ལུ་བརྟེན་ ཨ་པ་ངེས་བདེན་ཨིན་མིན་ ཚན་རིག་ཐོག་ལས་ བལྟ་ནིའི་དོན་ལུ་ ཁྲག་གི་དཔེ་ཚད་ བརྟག་དཔྱད་འབད་བར་ ཤཱྲི་ལངྐ་ལུ་ བཏང་ཡོདཔ་ཨིན་པས།
འདི་འབདཝ་ད་ ཌི་ཨེན་ཨེ་གི་ ཚན་རིག་བརྟག་ཞིབ་སྙན་ཞུའི་ནང་ ཨ་ལུའི་ཨ་པ་ ཁོ་མེནམ་སྦེ་ ཐོན་སོཔ་ལས་ ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་པའི་ཤུལ་ལས་ བུམོ་དེ་གི་ ངོ་ཚབ་ལུ་ རི་ནིའུ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ད་རུང་ ཌི་ཨེན་ཨེ་བརྟག་དཔྱད་ཐེངས་༢ པ་འབད་རུང་ གྲུབ་འབྲས་ཅོག་འཐདཔ་སྦེ་ ཐོན་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ རི་ནིའུ་ལས་སྡེ་ལུ་ འབའ་དང་ཉེས་བྱ་དངུལ་ཀྲམ་༩,༥༠༠ བཀལ་ནུག།
དེ་འབད་རུང་ གྲུབ་འབྲས་དེ་ལུ་ བློ་མ་བདེ་བར་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་དེ་ ཌི་ཨེན་ཨེ་གི་ བརྟག་དཔྱད་ཐེངས་༣ པ་དེ་ ཤྲི་ལངྐ་ལུ་མེན་པར་ རྒྱ་གར་ལུ་ འབད་དགོ་པའི་ ཞུ་བ་ཕུལ་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ལ་ལུ་ཅིག་གིས་ སླབ་མིའི་ནང་ རི་ནིའུ་གིས་ ཌི་ཨེན་ཨེ་བརྟག་དཔྱད་༢ པའི་ གྲུབ་འབྲས་ལྷོད་པའི་ཤུལ་ལས་ རྩོད་གཞི་༢ ཆ་ར་ ཕྱིར་བཏོན་འབད་མི་ལུ་ དོགས་པ་ཡོད་མི་དེ་ཡང་ འགོ་ཐོག་སྐབས་ ཌི་ཨེན་ཨེ་གི་ གྲུབ་འབྲས་ག་དེ་སྦེ་ར་ཐོན་རུང་ ཨ་ལུའི་ཨ་པ་ཚུ་ ཁ་ཉེས་ཕོག་མི་ ཕོ་སྐྱེས་ཚུ་ར་ཨིན་པའི་ དོགས་པ་ཡོདཔ་ལས་ རྒྱལ་ཁབ་སོ་སོའི་ནང་ བརྟག་དཔྱད་འབད་བར་ གཏང་དགོཔ་སྦེ་ ཨུ་ཚུགས་རྐྱབ་ཡོད་རུང་ ད་རེས་ རྩོད་གཞི་༢ ཆ་ར་ རྣམ་རྟོག་ལང་སི་སི་སྦེ་ ཕྱིར་བཏོན་འབད་མི་ལུ་ལྟཝ་ད་ བརྟག་དཔྱད་གྲུབ་འབྲས་ཀྱི་ ཡིག་ཤུབས་ཁ་མ་ཕྱེ་བའི་ སྔ་གོང་ལས་ གྲུབ་འབྲས་ཧ་གོ་ཡོདཔ་འོང་ནི་མས་ཟེར་ཨིན་པས།
རི་ནིའུ་གི་ འགན་ཁུར་ངོ་མ་ར་ ཨ་ལུ་དང་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་དང་ སྡུག་སྦྱོང་བྱིན་ནི་ཚུ་ལས་ ཉེན་སྐྱོབ་འབད་ནི་དེ་ཨིན་རུང་ འདི་བཟུམ་མའི་ ཉམས་རྒུད་པ་ཚུ་གི་ རྒྱབ་ཁར་ཐོན་ཏེ་ ཁྲིམས་ཀྱི་གཞི་ཁུངས་ག་ནི་ཡང་མེད་པར་ དྲང་ཁྲིམས་ལུ་ བར་ཆད་རྐྱབ་སྟེ་ རྩ་ཕན་ཚུ་ལུ་ འཚེར་སྣང་དང་ སྡུག་སྦྱོང་བྱིན་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ དྲང་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment