གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༨/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་ འཆར་དངུལ་བསྐྱར་བཟོ་འབད་དེ་ མ་དངུལ་ས་ཡ་༤༢,༠༤༧.༡༠༣ རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་དོན་ལུ་དང་ རྩིས་ལོ་༢༠༡༢ དང་༢༠༡༣ གྱི་དོན་ལུ་ འཆར་དངུལ་ས་ཡ་༣༨,༠༤༤.༡༩༦ ཆ་འཇོག་གྲུབ་ཅི།
འཆར་དངུལ་དཔྱད་ཡིག་དེ་ཚུ་ བཅའ་ཁྲིམས་ལུ་ ཆ་འཇོག་མ་གནང་པའི་ཧེ་མར་ ཚོགས་འདུའི་ནང་ གྲོས་བསྡུར་ཞིབ་པར་གནང་ཡོདཔ་མ་ཚད་ འཐུས་མི་ཚུ་གིས་ བསམ་འཆར་དང་ དྲན་ཚོར་སྣ་ཚོགས་བཀོད་ཡོདཔ་ཨིན་རུང་ འཆར་དངུལ་དཔྱ་བགོ་ལུ་ བསྒྱུར་བཅོས་མེད་པར་ ཆ་འཇོག་གནང་ཡི།



དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ འགོ་ཐོག་རྩིས་ལོ་༢༠༡༡ དང་༢༠༡༢ ཀྱི་ འཆར་དངུལ་དེ་ མ་དངུལ་ས་ཡ་༤༢,༡༧༤.༧༤༠ ཨིན་མི་དེ་ ད་རེས་ གཞུང་གིས་ ད་རུང་ རྩིས་ལོ་དེ་གི་ འཆར་དངུལ་བསྐྱར་བཟོ་འབད་བའི་སྐབས་ བརྒྱ་ཆ་༠.༣ མར་ཕབ་ཐོག་ དངུལ་ཀྲམ་ས་ཡ་༤༢,༠༤༧.༡༠༣ གྱི་ གནས་རྩིས་བཏོན་ཡོདཔ་ད་ ཟླཝ་འདི་ནང་ རྩིས་ལོ་དེ་ མཇུག་བསྡུཝ་ད་ ཟད་འགྲོའི་མ་དངུལ་དེ་ འཆར་དངུལ་ཚོད་རྩིས་དེ་གི་ ནང་འཁོད་ལུ་ར་ གནས་ཚུགས་པའི་རེ་བ་ཡོད་ཟེར་ཞུ་ཡི།
དེ་དང་འབྲེལ་ རྩིས་ལོ་༢༠༡༢ དང་༢༠༡༣ གྱི་དོན་ལུ་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དེ་ བཅའ་ཁྲིམས་ལུ་ ཆ་འཇོག་གནང་སྟེ་ མ་དངུལ་ས་ཡ་༣༨,༠༤༤.༡༩༦ ཟད་འགྲོ་བགོ་བཀྲམ་གྱི་དོན་ལུ་ ཆ་འཇོག་གནང་ཡི།
རྩིས་ལོ་དེ་ནང་ འཆར་དངུལ་ཡོངས་བསྡོམས་ལས་ ལས་སྡེ་དང་འབྲེལ་བའི་ དཔྱ་བགོ་རྐྱབ་མི་དང་འཁྲིལཝ་ད་ དཔྱ་བགོའི་མ་དངུལ་མཐོ་ཤོས་ར་ ཤེས་རིག་གི་དོན་ལུ་ བརྒྱ་ཆ་༡༨ དང་ སྤྱིར་བཏང་མི་མང་ལས་དོན་ལུ་ བརྒྱ་ཆ་༡༤ ཨིནམ་ད་ སྤྱིར་བཏང་མི་མང་ལས་དོན་དེ་ ས་གནས་གཞུང་དང་ བདག་སྐྱོང་ དངུལ་རྩིས་ ཕྱི་འབྲེལ་ལས་དོན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཚུ་དང་འབྲེལ་བའི་ ལས་དོན་ཚུ་ ཚུདཔ་ཨིན་ཟེར་ཞུ་ཡི།
དེ་ལས་ སོ་ནམ་ལྷན་ཁག་དང་འབྲེལ་བའི་ ལས་དོན་ཚུ་གི་དོན་ལུ་ བརྒྱ་ཆ་༡༢ ཡོདཔ་མ་ཚད་ སྐྱིན་འགྲུལ་ཚུ་དང་འབྲེལ་ དངུལ་ཚབ་སྤྲོད་ནི་གི་དོན་ལུ་ཡང་ དཔྱ་བགོ་ལས་ བརྒྱ་ཆ་༡༢ ཨིན་པས།
རྩིས་ལོ་༢༠༡༢ དང་༢༠༡༣ གྱི་ འཆར་དངུལ་ཚོད་རྩིས་དང་འཁྲིལཝ་ད་ རྩིས་ལོ་དེ་ནང་ སྐྱིན་འགྲུལ་དང་འབྲེལ་བའི་ སྐྱེད་སྤྲོད་དགོཔ་ དངུལ་ཀྲམ་ས་ཡ་༢,༠༤༡.༣༠༥ ཡོད་ས་ལས་ དངུལ་ཀྲམ་ས་ཡ་༡,༩༤༠.༥༩༢ ཕྱིའི་སྐྱིན་འགྲུལ་ཚུ་གི་ སྐྱེད་ཀྱི་དོན་ལུ་ གཏང་དགོ་ནི་མས་ཟེར་ཞུ་ཡི།
དེ་ལས་ མ་དངུལ་དཔྱ་བགོ་ལས་ བརྒྱ་ཆ་༡༠ འཁོར་ལམ་བཟོ་སྐྲུན་གྱི་དོན་ལུ་དང་ བརྒྱ་ཆ་༩ ཁྲིམས་དང་སྒྲིག་འཛིན་གྱི་དོན་ལུ་ བརྒྱ་ཆ་༧ གསོ་བའི་ལས་དོན་ཚུ་གི་དོན་ལུ་དང་ བརྒྱ་ཆ་༥ བརྒྱུད་འབྲེལ་གྱི་དོན་ལུ་ཨིན་པས།
རྩིས་ལོ་དེ་ནང་ མ་དངུལ་དཔྱ་བགོ་ལས་ ཆུང་ཤོས་ར་ བརྒྱ་ཆ་༤ ཁྱིམ་བཟོ་དང་ མི་སྡེའི་དོན་ལུ་དང་ ལམ་སྲོལ་གྱི་དོན་ལུ་ བརྒྱ་ཆ་༣ དེ་ལས་ ནུས་ཤུགས་དང་ ས་གཏེར་དང་བཟོ་གྲྭའི་དོན་ལུ་ བརྒྱ་ཆ་༢ རེ་ཨིན་པས།
རྩིས་ལོ་དེ་ནང་ རྒྱུན་སྐྱོང་མ་དངུལ་དེ་ དངུལ་ཀྲམ་ས་ཡ་༡༨,༢༦༢.༦༣༠ གི་རྩིས་ཡོད་མི་དེ་ རྩིས་ལོ་༢༠༡༡ དང་༢༠༡༡ གི་ འཆར་དངུལ་བསྐྱར་བཟོའི་ ཚོད་རྩིས་དང་ཕྱདཔ་ད་ བརྒྱ་ཆ་༥ ཡར་སེང་ཡོད་ཟེར་ཨིནམ་ད་ དེ་སྦེ་ ཡར་སེང་ཡོད་མི་དེ་ཡང་ གཙོ་བོ་ར་ ལས་བྱེདཔ་གསར་བསྐོ་འབད་ནི་དང་ མི་མང་གཞི་རྟེན་མཁོ་ཆས་ཚུ་གི་ རྒྱུན་སྐྱོང་དོན་ལུ་ འཆར་དངུལ་མཐོ་སུ་བཞག་མི་ལུ་བརྟེན་ ཨིན་ཟེར་བཀོད་ནུག།
གསར་སྒྲུབ་ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༡༦,༢༥༢.༩༡༩ དེ་ཅིག་ ཨིན་མི་དེ་ ཟད་འགྲོ་བགོ་བཀྲམ་གྱི་ ཡོངས་བསྡོམས་ལས་ བརྒྱ་ཆ་༤༧ དེ་ཅིག་ཨིནམ་ད་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ནང་ མཁོ་འདོད་ཡར་སེང་ བཀག་ཐབས་འབད་དགོ་མི་ལུ་བརྟེན་ གསར་སྒྲུབ་ཟད་འགྲོའི་ མ་དངུལ་དེ་ དུམ་གྲ་ཅིག་ ཚད་འཛིན་འབད་ཡི་ཟེར་ཨིནམ་ད་ རྩིས་ལོ་དེ་ དམངས་གཙོའི་གཞུང་ འགོ་དང་པམ་དེ་གི་ གཞུང་སྐྱོང་གི་ ལོ་མཇུག་ཨིནམ་ལས་ རྩིས་ལོ་མཇུག་དེ་གི་ འཆར་གཞི་ལས་རིམ་ཚུ་ཡང་ ལེགས་ཤོམ་འགྱོ་འོང་མནོ་བའི་ རེ་བ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment