ཞིང་ལམ་མི་ཊར་༢༠ དེ་ཅིག་ཆད་དེ་ སྣུམ་འཁོར་ཧའི་ལགསི་ཅིག་ འཕྱགས་བདའ་མི་ བྲག་ཙ་ལོ་གི་མཐོང་སྣང་། |
དེ་ཡང་ འདས་པའི་ཉིནམ་དག་པ་ཅིག་གི་ ཧེ་མ་ལས་ ས་གནས་དེ་ཁར་ ཆརཔ་ཟམ་ཟིམ་རེ་ རྐྱབ་ཡོདཔ་མ་ཚད་ སྤྱི་ཟླ་༦ པའི་ཚེས་༢༤ གི་ནུབ་མོ་ ཆརཔ་ཤུགས་སྦེ་རྐྱབ་ཡོདཔ་ལས་ ལམ་ལྟག་ལས་མར་ ཞིང་ལམ་མི་ཊར་༢༠ དེ་ཅིག་ ཆད་འོང་མི་ལུ་བརྟེན་ སྣུམ་འཁོར་དེ་ མཐོང་ར་མི་ཚུགས་དོ་ཡོདཔ་ཨིན་པས།
སྣུམ་འཁོར་འཕྱགས་བདའ་བའི་སྐོར་ལས་ སྣུམ་འཁོར་གྱི་ཇོ་བདག་ལུ་ ད་ལྟོ་ ཞིང་ལམ་སེལ་བའི་བསྒང་ཡོད་མི་ ཅ་ཆས་ལྟ་རྟོག་པ་ རེ་སར་གཡུས་ཚན་ལས་ སྐྱེས་ལོ་༥༦ ལང་མི་ རིན་ཆེན་དབང་འདུས་ཀྱིས་ དེ་འཕྲོ་ལས་ ཇོ་བདག་ལུ་ བརྡ་སླབ་ཡོདཔ་ད་ ལྟ་རྟོག་པ་དེ་ ད་རེས་ནངས་པ་ ཁོ་རའི་ གནས་ཚང་དང་ ཨ་ལུ་ཁྱིད་དེ་ ས་རུད་ཆད་སའི་ སྦོ་ལོགས་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ས་གནས་དེ་ཁར་ ཉིནམ་དག་པ་ཅིག་གི་ཧེ་མ་ལས་ ཆརཔ་རྐྱབ་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཁ་ཉིནམ་ཕྱི་རུ་ ཧེང་སྐལ་ར་ ཆརཔ་ཤུགས་སྦེ་རྐྱབ་ཡོདཔ་ལས་ ཉིན་མའི་ཆུ་ཚོད་༡༠ དེ་ཅིག་ལུ་ རྣམ་རྟོག་དཔྱད་རིག་མེད་པར་ ས་རུད་ཆད་མི་ལུ་བརྟེན་ སྣུམ་འཁོར་དེ་ འཕྱགས་བདའ་ནུག་ཟེར་ཨིན་པས།
ད་ལྟོ་ ཧའི་ལགསི་འཕྱགས་བདའ་ཡོད་པའི་ས་གནས་ བྲག་ཙ་ལོ་དེ་ རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ ས་གནས་ཁར་ཡོདཔ་ད་ སྣུམ་འཁོར་དེ་ བཟོ་ལོ་༢༠༡༡ གི་ཨིནམ་ལས་ དེ་བཟུམ་མའི་ ས་རུད་ཆད་པའི་ མནོ་བསམ་ར་ མ་བཏང་ཟེར་ ཇོ་བདག་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
སྣུམ་འཁོར་དེ་ ཅ་ཆས་ལྟ་རྟོག་འབད་མིའི་ སྦ་སྒོར་རྩ་བ་ལས་ མི་ཊར་༣༠ ལྷགཔ་ཅིག་གི་ ས་ཁར་ཡོདཔ་ལས་ ས་རུད་ཆད་པའི་སྐབས་ལུ་ ཨ་རྟག་དང་མ་འདྲ་བའི་ འཇིགས་སྣང་ཅན་གྱི་ ས་རུད་ཀྱི་ སྐད་གོ་ཡོདཔ་མ་ཚད་ སྡོད་སའི་ས་ཡང་ ས་ཡོམ་རྐྱབ་དོ་བཟུམ་སྦེ་ སྤར་ཡོདཔ་ལས་ རྣམ་རྟོག་ལང་དགོཔ་བྱུང་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
ས་གནས་དེ་ནང་ བྱག་གཟར་དྲགས་སྦེ་ཡོདཔ་ད་ འདས་པའི་ཟླཝ་༢ དེ་ཅིག་གི་ ཧེ་མར་ཡང་ ད་རེས་ ས་རུད་ཆད་སའི་ སྦོ་ལོགས་ཁ་ལས་ རྡོ་དོང་སྤེད་ནིའི་འཕྲུལ་ཆས་ ཀམ་པེ་རེ་ཤཱར་ཟེར་མི་ཅིག་ཡང་ ས་རུད་ཀྱིས་ འཕྱགས་བདའ་ཡི་ཟེར་ཨིན་པས།
ས་རུད་ཀྱིས་ འཕྱགས་བདའ་མི་ སྣུམ་འཁོར་ཧའི་ལགསི་དེ་ ལས་འཛིན་ཅིག་ནང་ལཱ་འབད་མི་ ཕོ་སྐྱེས་ཅིག་གི་ཨིནམ་ད་ ཁོ་ར་ ས་གླིང་རྒེད་འོག་ རེ་སར་གཡུས་ཚན་ལས་ཨིནམ་ལས་ ད་རེས་ནངས་པ་ གཡུས་ཁ་ལུ་ ངལ་གསོ་འོང་ཡོདཔ་ལས་ ས་གནས་བྲག་ཙ་ལོ་ལུ་ ལམ་སྒོར་ལྟབ་ཡོད་མི་ཅིག་ནང་ བཞག་ཡོདཔ་ཨིན་པས།
ས་གླིང་རྒེད་འོག་ རེ་སར་གཡུས་ཚན་ནང་ སོ་ནམ་ཞིང་ལམ་བསལ་ནིའི་ལཱ་དེ་ འདས་པའི་ལོ་དག་པ་ཅིག་གི་ ཧེ་མ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ ས་ཁོངས་དེ་ བྱག་སྐེདཔ་བཏོག་སྟེ་ བཏོན་དགོཔ་ལས་ སྟབས་བདེཝ་མ་བདེཝ་ཐོན་ཡོདཔ་ཨིན་པས།
ད་རེས་ནངས་པ་ སེལ་བའི་བསྒང་ཡོད་མི་ ཞིང་ལམ་དེ་ བསལ་ཚར་བའི་ཤུལ་ལུ་ གཡུས་ཚན་ནང་ཡོད་པའི་ སློབ་གྲྭ་དང་ སྨན་ཁང་ དེ་ལས་ ཁྱིམ་གུང་པ་༣༢ དེ་ཅིག་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment