ལྕང་ལཱ་རྐྱབ་ནིའི་དོན་ལུ་ ཆུ་གཡུར་ཉམས་བཅོས་འབད་བའི་བསྒང་། |
དེ་ཡང་ གཙོ་བོ་ར་ དུས་ཅི་ ཆར་ཆུ་དཀོན་ནི་དེ་གིས་ གཡུས་ཚན་དེ་ནང་ ལྕངམ་བཏབ་མི་ཚུ་ ལེགས་ཤོམ་སྦེ་ སྐྱེས་མ་ཚུགས་ནི་དེ་གིས་ཨིན་པའི་ཁར་ གཡུས་ཚན་གྱི་དོན་ལུ་ ཆུའི་གཡུར་བ་ཉམས་བཅོས་ཀྱི་ལཱ་འབད་མི་དེ་ཡང་ ཁ་ཙ་ལས་བརྒལ་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
ཨིན་རུང་ གཡུས་ཚན་དེ་ནང་ འདས་པའི་ཉིན་གྲངས་༢ དེ་ཅིག་ལས་ ཆརཔ་དུམ་གྲྭ་རེ་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ ད་རེས་ཀྱི་ བདུན་ཕྲག་ནང་ལས་རྐྱངམ་གཅིག་ ལྕང་ལཱ་རྐྱབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ ཨིན་རུང་ ལ་ལུ་ཅིག་གི་དོན་ལུ་ ལྕངམ་ཚུ་ སྦོམ་ལང་མ་ཚུགས་མི་ལུ་བརྟེན་ ད་རུང་ ལྕང་ལཱ་ཕྱི་ནི་མས་ཟེར་ དབུགས་འགམ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ སོ་ནམ་པ་ བདེ་ཆེན་ནོར་བུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་ཚན་ནང་ བྱཱ་ཞིང་ཕྱེད་ཀ་དེ་ཅིག་ ལྕང་ལཱ་རྐྱབ་ཚརཝ་ཨིན་ཟེར་ཨིནམ་ད་ དུས་ཅི་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ ཐོན་སྐྱེད་ལུ་གནོད་པའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཁོ་གིས་ ལོ་བསྟར་བཞིན་དུ་ ཆུ་ཞིང་གླང་དོ་༩ དེ་ཅིག་ཡོད་མིའི་ནང་ ཨ་རྟག་འབད་བ་ཅིན་ ལཱ་མཇུག་བསྡུ་བའི་ དུས་ཚོད་ཅིག་ཨིན་རུང་ དུས་ཅི་ ཆར་ཆུ་མེདཔ་ལས་བརྟེན་ ད་ལྟོའི་བར་ན་ཡང་ ལྕང་ལཱ་རྐྱབ་བཏུབ་པའི་ དུས་ཚོད་ལུ་ མ་ལྷོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ ཀུན་བཟང་གིས་ སླབ་མིའི་ནང་ དུས་ཅི་ གཡུས་ཚན་ནང་ ཆར་ཆུ་དཀོན་ནི་དེ་གིས་ ལྕངམ་ཚུ་ ལེགས་ཤོམ་མེདཔ་ལས་ ཐོན་སྐྱེད་ལུ་ གནོད་ནི་བཟུམ་འདུག་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ བྱཱ་ལུ་བརྟེན་ དངུལ་གྱི་འོང་འབབ་ དུམ་གྲ་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ སོ་ནམ་པ་ མང་ཤོས་ཅིག་ར་ ཚ་གྱང་ལང་ནུག་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ལྕངམ་བཏབ་ཞིནམ་ལས་ དུས་ཡུན་ཟླཝ་༢ དེ་ཅིག་ལས་ ལྕངམ་བཙུགས་བཏུབ་ཨིན་རུང་ དུས་ཅི་ ཆརཔ་མེདཔ་ལས་བརྟེན་ ཟླཝ་༣ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ནངས་པ་ ཆརཔ་དུམ་གྲ་རེ་ རྐྱབ་མི་ལུ་བརྟེན་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
ཆ་གླིང་རྒཔོ་ རྟ་མགྲིན་ཚེ་དབང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ དུས་ཅི་ ཆརཔ་དཀོན་ནི་དེ་གིས་ མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནི་ རྐྱངམ་གཅིག་མེན་པར་ ལོ་ཐོག་གཞན་ཚུ་ལུ་ཡང་ གནོད་པ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ ཆརཔ་དཀོན་པའི་ཁར་ ཞིང་ནང་ ཆུ་དཔག་སྟེ་ ལྕང་ལཱ་རྐྱབ་མ་ཚུགས་མི་དེ་ཡང་ བདུན་ཕྲག་༢ དེ་ཅིག་ འགོར་ནི་ཨིན་པའི་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་དེ་ ཕྱིས་སོ་ནི་དེ་གིས་ཨིནམ་ད་ དེ་ཡང་ དུས་ཚོད་ཁར་ རྩི་ས་ཐོབ་མ་ཚུགསཔ་ལས་བརྟེན་ཏེ་ཨིན་ཟེར་ཨིནམ་ད་ ཉམས་བཅོས་ཀྱི་ལཱ་དེ་ ཆུའི་རྩ་བོ་༦༧ ཡོད་མི་ཚུ་གིས་ ཧེ་མ་ གསོག་འཇོག་འབད་ཡོད་མི་ མ་དངུལ་དངུལ་ཀྲམ་༩༥,༠༠༠ དེ་ཅིག་ ལག་ལེན་འཐབ་ཐོག་ལས་ ཉམས་བཅོས་འབད་ཡི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཆ་གླིང་གཡུས་ཚན་ནང་ ཁྱིམ་གུང་པ་༢༧༥ དེ་ཅིག་ཡོད་པའི་གྲས་ལས་ ད་ལྟོ་ཡོད་པའི་ཆུའི་གཡུར་བ་ ཀི་ལོ་མི་ཊར་༣ ལྷགཔ་ཅིག་ཡོད་མི་དེ་གིས་ མི་སེར་སོ་ནམ་པ་ ཁྱིམ་གུང་༢༠༠ དེ་ཅིག་ལུ་ ཕན་ཐོགས་བྱུང་ཚུགསཔ་ཨིན་རུང་ ད་ལྟོ་ཡོད་པའི་ཆུ་གིས་ ལང་མི་ཚུགས་དོ་ཡོདཔ་ལས་ ཆུ་ལུ་བརྟེན་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ཨིན་པས།
ཨིན་རུང་ གཡུས་ཚན་དེ་ནང་ ཆུའི་གཡུར་བ་གསརཔ་ཅིག་ སང་ཕོད་བཏོན་ནི་ཨིནམ་ལས་ རྒེད་འོག་ནང་གི་ མི་སེར་སོ་ནམ་པ་ཚུ་ལུ་ ལྕང་ལཱ་རྐྱངམ་གཅིག་གིས་མ་དོ་བར་ ལོ་ཐོག་དང་ དངུལ་ཐོག་ཚོད་བསྲེ་ཚུ་ ག་དེ་མང་མང་ བཙུག་ཚུགས་ནི་ཨིནམ་ལས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།
No comments:
Post a Comment