ཚེ་ཐར་བཏང་མི་གཡག་ཚུ། |
ཨུ་ར་རྒཔོ་རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ རྒེད་འོག་གི་ཚོགས་འདུ་འཚོགས་པའི་སྐབས་ གཡུས་མི་ཚུ་གིས་ ཚེ་ཐར་གཡག་ཚུ་གི་དོན་ལུ་ འཚོ་མི་བཙུགས་དགོ་པའི་སྐོར་ལས་ ལོ་རྒྱུས་བྱུང་་ཡོདཔ་བཞིན་དུ་ འདི་དང་འཁྲིལ་གྲོས་ཆོད་གྲུབ་ཡོདཔ་ལས་ འཕྲལ་མགྱོགས་ར་ ཚོགས་པ་ལུ་ སྙན་ཞུ་འབད་ནི་ཟེར་ཨིན་པས།
མི་སེར་ཚུ་གིས་ སེམས་ཅན་ཚུ་ མ་དགོ་པའི་སྐོར་ལས་ ལོ་རྒྱུས་སླབ་མི་མེདཔ་ལས་ གཡག་ཚུ་འཚོ་མི་ག་ཡང་མེད་པའི་ཁར་ གཡག་ཚུ་རྫོང་ཁག་སོ་སོ་ཚུ་ནང་ལས་འབག་འོང་ནི་དེ་གིས་ ད་ལྟོའི་ས་གནས་ནང་བཀལ་མི་གཡག་ཚུ་ རི་རྒྱུད་མེད་མི་ལུ་བརྟེན་ ཉིན་མར་ལ་ཁར་རྩྭ་ཟ་བར་སོང་སྟེ་ ཕྱི་རུ་ལོག་གཡུས་ཚན་ནང་འོང་ནི་དེ་གིས་ གནོདཔ་བཀལཝ་མས་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པ་གིས་ གཡག་འཚོ་མི་བཙུགས་པ་ཅིན་ གཡག་ཚུ་ན་བའི་སྐབས་ལུ་ཡང་ སྨན་བཅོས་འབད་ཚུགསཔ་མ་ཚད་ ལ་ཁར་བཀལ་རུང་ ཆག་དང་ ཚྭ་ཚུ་བྱིན་ཚུགས་ནི་མས་ཟེར་ཨིན་པས།
ཨུ་ར་རྒེད་འོག་ཤིང་མཁར་ལས་ སྐྱེས་ལོ་༤༥ ལང་མི་ ཡེ་ཤེས་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡག་ཚུ་རྒེད་འོག་གི་རྩྭ་འབྲོག་ཁག་༦༠ ནང་ སྤེལ་ཏེ་བཏང་ཡོད་རུང་ ད་ལྟོ་ ལ་ཁར་ཆུ་མ་ཐོནམ་ལས་ ཉིན་མ་རི་ཁར་སོང་སྟེ་ ཕྱི་རུ་ལོག་གཡུས་ཁར་འོང་ནི་དེ་གིས་ གཡུས་ནོར་ཚུ་ལུ་ གནོདཔ་བཀལཝ་མ་ཚད་ ཚོད་བསྲེ་ལྡུམ་ར་ནང་ཡང་ གནོདཔ་བཀལ་ཏེ་ཡོད་རུང་ གཡག་ཚུ་ ལོག་འབག་དགོ་པའི་སྐོར་ལས་ ག་གིས་ཡང་སླབ་ནི་མེད་མི་ལུ་བརྟེན་ གཡག་འཚོ་མི་བཙུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཡེ་ཤེས་དབང་འདུས་ཀྱིས་ ད་ཚུན་ གཡག་ཚུ་གིས་ མི་ལུ་གནོདཔ་མ་བཀལ་རུང་ དེ་སྦེ་ར་བཞག་པ་ཅིན་ ལམ་བདའ་འགྲོ་འགྲུལ་འབད་མི་ཚུ་ལུ་ ཉེན་ཁ་འོང་ནི་ཨིནམ་ལས་ འཚོ་མི་བཙུགས་ཏེ་ རྩྭ་འབྲོག་ཚུ་ནང་ ནོར་གྱི་བྱང་ས་བཟོ་སྟེ་ བཞག་ཚུགས་ནི་མས་ཟར་ཨིན་པས།
གཡག་ཚུ་ལུ་ ཚྭ་དང་ཆག་བྱིན་མི་མེདཔ་ལས་ རི་ཁར་མ་སྡོད་པར་ གཡུས་ཀྱི་ཉེ་འདབས་ལུ་ཡོད་མི་ ནོར་གྱི་བྱང་ས་ཚུ་ནང་སྡོད་པའི་ཁར་ གཡུས་ཁའི་ལོ་ཐོག་ཚུ་ལུ་གནོདཔ་བཀལ་དོ་ཡོདཔ་ལས་ ཚོགས་པ་གིས་ གཡག་འབག་འོང་པའི་སྐབས་ལུ་ར་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ལེགས་ཤོམ་འབད་བ་ཅིན་ དཀའ་ངལ་མ་བྱུངམ་འོང་ཟེར་ཨིན་པས།
ཚེ་ཐར་ཚོགས་པའི་འཐུས་མི་ ཚེ་རིང་སྒྲོལ་མ་གིས་འབད་བ་ཅིན་ འགོ་ཐོག་ གཡག་ཚུ་འབག་བཀལ་བའི་སྐབས་ གཞུང་གི་བཅའ་ཁྲིམས་དང་མ་འཁྲིལ་བ་ཅིན་ གནང་བ་མ་ལེན་པའི་ཉེས་བྱ་ཕོག་རུང་ ཤིང་མཁར་ལུ་ལྷོད་པའི་སྐབས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ མི་སེར་ཚུ་གིས་ ཚེ་ཐར་གྱི་གཡག་འབད་ནི་དེ་གིས་ ཁོང་མི་སེར་ཚུ་གིས་ སྐོར་རྒྱབ་ཐོག་ལས་བལྟ་ནི་ཟེར་སླབ་མ་ཚད་ གཡག་འཚོ་མི་གི་དོན་ལུ་ གླ་ཆ་སྤྲོད་ནི་འབདཝ་ད་ མི་ཚུ་གིས་ མི་དགོ་ཟེར་སླབ་སྟེ་ ལེན་མ་བཏུབ་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་འཐུས་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡག་ཚུ་གི་སྐོར་ལས་ སྟབས་མ་བདེཝ་ཐོན་མི་དེ་གཙོ་བོ་ར་ གཡག་ཚུ་འབག་བཀལ་བའི་སྐབས་ ཁ་བཟེད་མི་དེ་ ཤིང་མཁར་ལུ་ གཱོལཕ་གྱི་རྩེད་ཐང་མི་དགོ་ཟེར་སླབ་མི་ཚུ་ཨིནམ་ལས་ རྩེད་ཐང་དགོ་ཟེར་སླབ་མི་ མི་སེར་སྡེ་ཚན་ཚུ་གིས་ ཉོགས་བཤད་བཀོད་ནུག་ཟེར་ཨིན་པས།
ཚེ་རིང་སྒྲོལ་མ་གིས་ ཚེ་ཐར་གཡག་ཚུ་ འབྲུག་མི་ག་ར་གི་མ་དངུལ་རྒྱབ་སྐྱོར་གནང་མི་གིས་ སྲོག་སྐྱབས་འབད་ཡོདཔ་ལས་ གཡག་ཚུ་ཡང་ མི་སེར་ཚུ་གི་རྒྱུ་ནོར་བཟུམ་ཅིག་ཨིནམ་ལས་ མནོ་བསམ་བཏང་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཚོགས་པ་གིས་ རྫོང་ཁག་བདུན་ནང་ སྲོག་སྐྱབས་འབད་མི་སེམས་ཅན་ཚུ་བཏང་ཡོདཔ་ལས་ འཚོ་མི་ཚུ་ལུ་ གླ་ཆ་ཡང་སྤྲོད་དེ་ར་ཡོདཔ་ད་ ཤིང་མཁར་ལུ་བཀལ་མི་གཡག་ཚུ་གི་དོན་ལུ་ དངུལ་ཀྲམ་འབུམ་༤༠ ལྷགཔ་ཅིག་ཟད་འགྲོ་བཏང་ཡོདཔ་བཞིན་དུ་ བུམ་ཐང་ཚུན་སྐྱེལ་འདྲེན་འབད་ནི་གི་དོན་ལུ་ དངུལ་ཀྲམ་འབུམ་གསུམ་ལྷགཔ་ཅིག་གནས་ཡོདཔ་ཨིན་པས།
ཚོགས་པ་གིས་བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་འབད་མི་གཡག་ཚུ་ལུ་ ཆག་དང་ཚྭ་བྱིན་ཏེ་ར་ཡོདཔ་ལས་ ཚྭ་ཉོ་ནི་གི་དོན་ལུ་ ཏི་རུ་བཀལ་ཏེ་ཡོད་ཟེར་ཨིན་པའི་ཁར་ འཚོ་མི་ཡང་འཚོལ་ནི་གི་དོན་ལུ་ མི་ཅིག་ལུ་ བརྒྱུད་འཕྲིན་བཏང་ཡོད་ཟེར་ཨིན་པས།
ཚོགས་པ་གིས་ དེ་བཟུམ་མའི་ སེམས་ཅན་སྲོག་སྐྱབས་འབད་ནི་གི་ ལཱ་འགོ་བཙུགས་པའི་ཤུལ་ལས་ ལ་མཐོ་ས་སྡོད་མི་ མི་ཚུ་གིས་ གཡག་ཕྱུག་གུ་འཚའ་ནི་ཡོད་མི་ཚུ་ཡང་ བསད་ནི་ཟེར་ཁྱིད་འོང་ནི་དེ་གིས་ ཉོ་བཞག་དོ་ཡོདཔ་ལས་ དེ་ཚུ་གིས་ ཕྱུག་གུ་འཚའ་སྟེ་ ད་ལྟོ་ ཤིང་མཁར་ལུ་ཕྱུག་གུ་བསྡོམས་ཀྱིས་༡༢ དེ་ཅིག་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།
ཚེ་ཐར་གྱི་གཡག་ཚུ་ ངོ་ཤེས་ཐབས་ལུ་ རྣམ་ཅོག་གུ་ ངོ་རྟགས་བཏགས་ནི་གི་ལོ་རྒྱུས་བྱུང་ཡོད་རུང་ གཡག་ཚུ་ རི་ཁ་ལུ་ག་ལྷོད་བཏང་བཞག་མི་ལུ་བརྟེན་ མི་ཚུ་མཐོངམ་ཅིག་ རྣམ་རྟོག་ལང་འགྱོ་དོ་ཡོདཔ་ལས་ ངོ་རྟགས་བཏགས་ནི་ལུ་ ལཱ་ཁ་རྐྱབ་ནི་མས་ཟེར་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment