དེ་ཡང་ འབྲུག་སྨྱོ་རྫས་བཀག་སྡོམ་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ཚུ་གིས་གཙོས་པའི་ ཁྲིམས་སྲུང་འགག་པ་དང་ ཅ་དམ་ཡིག་ཚང་གི་འགོ་དཔོན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ དེ་ལས་ འབྲུག་ཚོང་དང་བཟོ་གྲྭའི་འགོ་དཔོན་ཚུ་གིས་ སྤྱི་ཟླ་༤ པའི་ཚེས་༡༠ རེས་གཟའ་ལྷགཔ་ལུ་ འགོ་ཐོག་ར་ རྒྱལ་ས་ལྟེ་བའི་ཐིམ་ཁྲོམ་ནང་ ཧང་སྟོང་མར་ཞིབ་དཔྱད་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལུ་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ ཞིབ་དཔྱད་འབདཝ་ད་ བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ གཞུང་གི་ཡིག་ཚང་དང་ ལས་འཛིན་ ལས་སྡེ་ སྒེར་སྡེ་ ཟ་ཁང་ ཉལ་ཁང་ དེ་ལས་ འཐུང་མ་ཆོག་པའི་ས་ཁོངས་ཚུ་གི་སྐོར་ལས་ ཉེས་བྱ་བཀལ་ནུག།
གསར་བཏོན་འབད་ཡོད་པའི་སྙན་ཞུ་དང་འཁྲིལཝ་ད་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ཁྲོམ་ནང་ འགོ་དཔོན་ཚུ་གིས་ ཧང་སྟོང་མ་ ཞིབ་དཔྱད་འབདཝ་ད་ གཞུང་གི་ཡིག་ཚང་དང་ སྒེར་སྡེ་ དེ་ལས་ ལས་འཛིན་ཡིག་ཚང་བསྡོམས་༥ དང་ ཟ་ཁང་༧ ནང་ ཏམ་ཁུ་འཐུང་མ་ཆོག་པའི་ བརྡ་བྱང་མེད་མི་ལུ་བརྟེན་ ཉེས་བྱ་༡༠,༠༠༠ རེ་དང་ མི་ངོ་༢ ཀྱིས་ འཐུང་མ་ཆོག་པའི་ས་ཁོངས་ནང་ ཏམ་ཁུ་འཐུང་སྡོད་ས་བདའ་ཟུནམ་ལས་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་བཀལ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་སྡོམ་ལས་སྡེ་ལས་ ཁྲིམས་དོན་འགོ་དཔོན་དང་ མཐུན་འབྲེལ་གྱི་འགོ་དཔོན་ཚུ་གིས་ ད་ཚུན་ ཁྲོམ་སྡེ་གཉིས་ལས་ ཡིག་ཚང་བསྡོམས་༧ དང་ ཟ་ཁང་བསྡོམས་༨ གླ་འཁོར་ས་ཁོངས་གཅིག་ནང་ ཏམ་ཁུ་འཐུང་མ་ཆོག་པའི་བརྡ་བྱང་མེད་མི་ལུ་བརྟེན་ དངུལ་ཀྲམ་༡༠,༠༠༠ རེ་འབདཝ་ད་ བསྡོམས་ཀྱིས་ དངུལ་ཀྲམ་༡,༨༠,༠༠༠ དེ་ཅིག་ ཉེས་བྱའི་ཐོག་ལས་བསྡུ་ལེན་འབད་ཡོདཔ་ཨིན་པས།
ཏམ་ཁུ་འཐུང་མ་ཆོག་པའི་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མི་ལུ་བརྟེན་ བཅའ་ཁྲིམས་དང་འགལཝ་ལས་ མི་གྲངས་༨ ལུ་ཉེས་བྱ་དངུལ་ཀྲམ་༥༠༠ རེ་འབདཝ་ད་ ཡོངས་བསྡོམས་ དངུལ་ཀྲམ་༤༠༠༠ དེ་ཅིག་བསྡུ་ལེན་འབད་ཡོདཔ་ཨིན་པས།
ད་ཚུན་ འབྲུག་སྨྱོ་རྫས་བཀག་སྡོམ་ལས་སྡེའི་འགོ་དཔོན་དང་མཉམ་འབྲེལ་པ་ཚུ་གིས་ ཐིམ་ཕུ་ཁྲོམ་དང་ ཕུན་ཚོགས་གླིང་ཁྲོམ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་༣ ནང་ ཧང་སྟོང་མ་ཞིབ་དཔྱད་འབད་ཡོདཔ་བཞིན་དུ་ ད་རུང་ འདི་བཟུམ་གྱི་ལག་ལེན་དེ་ རྫོང་ཁག་གཞན་གྱི་ ས་ཁོངས་ཚུ་ནང་ཡང་ འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment